བྱིས་པ་བཙས་རྗེས་ཀྱི་ཡི་མུག་ནད་གསོ་བཅོས་བྱ་ཐབས
2023.12.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

བྱིས་པ་བཙས་རྗེས་ཀྱི་ཡི་མུག་ནད་གསོ་བཅོས་བྱ་ཐབས་ཧ་ཅང་མང་སྟེ།

གཅིག སེམས་ཁམས་གསོ་བཅོས། བྱིས་པ་བཙས་རྗེས་ཡི་མུག་ནད་བྱུང་བའི་བུད་མེད་ལ་སེམས་ཁམས་གསོ་བཅོས་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཡིན། སེམས་ཁམས་གསོ་བཅོས་བྱས་ན་ནད་པའི་རང་རྟོན་བསམ་པ་ཇེ་བརྟན་དང་རང་གི་རིན་ཐང་འདུ་ཤེས་ཇེ་བཟང་དུ་གཏོང་ཐུབ། ནད་པའི་སེམས་ཁམས་གནས་བབ་དང་རང་གཤིས་ཁྱད་ཆོས་ལ་རྒྱུས་ལོན་བྱས་ཏེ་ནད་པར་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་གང་ལེགས་ཐོབ་ཏུ་འཇུག་དགོས།

ང་ཚོས་མངལ་སྦྲུམ་པའི་སྐབས་ཀྱི་སྦྲུམ་བུའི་སྐྱེ་ལུགས་དང་འཚར་ལོངས་བྱུང་བའི་འགྱུར་བ་ལ་དོ་སྣང་བྱེད་དགོས་པར་མ་ཟད། ད་དུང་སྦྲུམ་མའི་རང་གཤིས་ཁྱད་ཆོས་དང་བྱིས་པ་བཙའ་བའི་སྔ་གཞུག་གི་སེམས་ཁམས་འགྱུར་ལྡོག་ལ་ཧ་ཅང་དོ་སྣང་བྱེད་དགོས། གནས་ཚུལ་མི་འདྲ་བར་གཞིགས་ནས་གསོ་རིག་སེམས་ཁམས་རིག་པ་དང་སྤྱི་ཚོགས་རིག་པའི་ཤེས་བྱ་བེད་སྤྱད་དེ་དོ་སྣང་བྱེད་ཐབས་མི་འདྲ་བ་བཀོལ་ནས་ནད་སློང་བའི་སེམས་ཀྱི་རྒྱུ་རྐྱེན་སེལ་བ་དང་སེམས་ཀྱི་ཁུར་བོ་དང་ལུས་ཀྱི་ནད་རྟགས་ཇེ་ཡང་དུ་གཏོང་དགོས། ཡི་མུག་པའི་ནད་ཡོད་པའི་བུད་མེད་ལ་མངལ་ཆགས་ཡོད་པའི་སྐབས་སུ་སེམས་ཁུར་དང་བསམ་ཤེས་གང་མང་ལག་བསྟར་བྱས་ན། བྱིས་པ་བཙས་རྗེས་ཡི་མུག་ནད་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ། ཐོག་མར། མངལ་སྦྲུམ་པའི་སྐབས་ཀྱི་བདེ་སྲུང་ལ་ཤུགས་སྣོན་དགོས་ལ། བྱིས་པ་མ་བཙས་སྔོན་གྱི་བརྟག་དཔྱད་ཁྲོད་སྦྲུམ་མར་བྱིས་པ་བཙའ་བའི་འབྲེལ་ཡོད་ཤེས་བྱ་ཁྲིད་དགོས་པར་མ་ཟད། སྦྲུམ་མར་བྱིས་པ་བཙའ་བའི་གོ་རིམ་ཅི་དང་ཅི་འདྲ་ཞིག་ཡིན་པ་ཤེས་སུ་འཇུག་དགོས་ལ། ད་དུང་སྦྲུམ་མར་བྱིས་པ་བཙའ་སྐབས་ལྷོད་ལ་འབབ་དགོས་པའི་ཐབས་ཤེས་ཁྲིད་ནས། སྦྲུམ་མས་བྱིས་པ་བཙའ་སྐབས་སེམས་འཚབ་པ་དང་དངངས་སྐྲག་སྐྱེས་པའི་ཚོར་སྣང་ཇེ་ཡང་དུ་གཏོང་དགོས། མངལ་ཆགས་སྐབས་ཀྱི་རྒྱུན་ལྡན་མིན་པའི་གནས་ཚུལ་ཧུག་ཐག་གིས་སེལ་བར་བྱས་ནས་བསམ་བློ་དང་ལུས་པོའི་ཕོག་ཐུག་མི་ལེགས་པ་དག་སེལ་གང་ཐུབ་བྱེད་དགོས། སྦྲུམ་མའི་སེམས་ཁམས་བདེ་སྲུང་གི་འཕྲོད་བསྟེན་ཧུར་ཐག་གིས་སྤེལ་ཏེ་སྦྲུམ་མའི་རང་གཤིས་ཁྱད་ཆོས་དང་དེ་སྔོན་ནད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། སྦྲུམ་མ་དང་བང་མའི་སེམས་ཁམས་ཀྱི་མི་ལེགས་པའི་རྒྱུ་རྐྱེན་དུས་ཐོག་ཏུ་སེལ་དགོས། རང་གཤིས་མི་བཟང་བའི་སྦྲུམ་མ་ལ་དེ་མཐུན་གྱི་སེམས་ཁམས་མཛུབ་སྟོན་བྱས་ནས་སེམས་ཁམས་སྟེང་ཕོག་ཐུག་ཐེབས་ཚད་ཇེ་ཉུང་དང་གཏན་ནས་མི་ཐེབས་པར་བྱེད་དགོས། དེ་སྔོན་སེམས་ཁམས་སྟེང་རྒྱུན་ལྡན་མིན་པའི་ནད་རྒྱུས་ཡོད་པ་དང་ཡང་ན་ཁྱིམ་རྒྱུད་ལ་ཡི་མུག་ནད་ཡོད་པའི་སྦྲུམ་མར་དུས་ཐོག་ཏུ་སེམས་ཁམས་འཕྲོད་བསྟེན་ཆེད་མཁས་སྨན་པ་གདན་དྲངས་ནས་བརྟག་དཔྱད་དང་ལྟ་ཞིབ་བྱེད་དགོས། ད་དུང་ངལ་གསོ་ལེགས་པོ་བྱེད་པ་ལས་རྩོལ་བཅག་བྱེད་དྲགས་པ་དང་ཡུན་རིང་བོར་སེམས་ཁྲལ་བྱེད་པ་སོགས་བྱེད་མི་རུང་། སྦྲུམ་མ་དང་ལྷག་པར་དུ་ལོ་ན་མཐོ་བའི་སྦྲུམ་མ་དང་བྱིས་པར་ནུ་མ་བསྣུན་བཞིན་པའི་བང་མ་བཅས་ལ་དོ་སྣང་དང་ཐུགས་ཁུར་སྔར་ལས་མང་པོ་བྱེད་འོས། ཁོ་མོ་ཚོས་འཚོ་བའི་ཁྲོད་ཀྱི་སྐབ་བབ་གནོན་ཤུགས་ཇེ་ཡང་དང་གནད་དོན་ཐག་གཅོད་རྒྱུར་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་དགོས། སེམས་ཁྲལ་ཆེ་བ་དང་གཤགས་བཅོས་བྱས་པའི་བང་མ། ཡི་མུག་ནད་སློང་བར་ཉེན་ཁ་ཆེ་ཤས་ཀྱི་རྒྱུ་རྐྱེན་ལྡན་པའི་སྦྲུམ་མ་དང་བང་མར་མཐོང་ཆེན་བྱེད་རྒྱུ་དང་རོགས་རམ་གང་མང་བྱས་ཏེ་ཁོ་མོ་ཚོས་སྤྱི་ཚོགས་ལ་ངོས་ཟིན་ཡང་དག་བྱེད་རྒྱུ་དང་འཚོ་བའི་དཀའ་གནད་ཐག་གཅོད་པར་ཡིད་ཆེས་སྩོལ་དགོས་ཤིང་། དེ་ནས་མི་ལེགས་པའི་སེམས་ཁམས་སེལ་ཐབས་བྱེད་དགོས། དུས་མཚུངས་སུ་སྤྱི་ཚོགས་རྒྱབ་སྐྱོར་མ་ལག་གི་ནུས་པ་འདོན་སྤྲོད་བྱ་དགོས་ལ། ལྷག་པར་དུ་ཁྱོ་གར་སློབ་གསོ་དང་མཛུབ་སྟོན་བྱས་ཏེ་བཟའ་ཟླའི་འབྲེལ་བ་དང་ཨ་ནེ་དང་མནའ་མའི་འབྲེལ་བ་ཇེ་བཟང་དང་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཇེ་བཟང་ཇེ་ལེགས་སུ་གཏོང་དགོས། གཞན་ད་རུང་བུད་མེད་ཀྱི་མངལ་སྦྲུམ་པ་དང་བྱིས་པ་བཙའ་བའི་སྐབས་ཀྱི་སེམས་ཁྲལ་ཁ་ཤས་ནི་སྨན་པ་དང་ནད་གཡོག་མའི་རྣམ་འགྱུར་ལས་བྱུང་བ་ཡིན་པས་སྨན་པ་དང་ནད་གཡོག་མས་བང་མར་འབྲེལ་འདྲིས་བྱེད་སྐབས་རང་ཉིད་ཀྱི་སྐད་ཆ་དང་སྤྱོད་ལམ་ལ་ལྷག་ཏུ་མཉམ་འཇོག་བྱས་ཏེ་མཛའ་མཐུན་དང་བརྩེ་བ་ལྡན་ཞིང་ངག་འཇམ་པོའི་སྒོ་ནས་སེམས་ཁུར་གང་ལེགས་བྱེད་བཞིན་པའི་རྣམ་འགྱུར་སྟོན་དགོས་པ་དང་། བང་མར་བྱིས་པ་བཙའ་བ་ནི་བུད་མེད་རྣམས་ཀྱིས་ངེས་པར་དུ་བརྒྱུད་དགོས་པའི་ལས་ཤིག་ཡིན་པ་དང་། ང་ཚོས་རླབས་ཆེན་གྱི་ཨ་མ་ཞིག་གི་ལས་འགན་འདི་ལེགས་པོར་བསྒྲུབ་དགོས་པ་སོགས་བཤད་ནས། བང་མ་རྣམས་བང་ནང་དུ་སྡོད་སྐབས་སེམས་ཁམས་ལྷོད་པ་སྐྱིད་པོ་ཡོང་བར་བྱས་ནས་ཡི་མུག་པའི་ནད་འབྱུང་ཚད་ཇེ་དམའ་རུ་གཏོང་དགོས།

གཉིས། སྨན་གྱི་གསོ་བཅོས། གལ་ཏེ་ནད་པའི་ནད་བབ་ཅུང་ཚབས་ཆེན་ཡིན་ན་སྨན་བཀོལ་ནས་གསོ་བཅོས་བྱེད་རྒྱུར་བསམ་བློ་གཏོང་དགོས། ཕལ་ཆེར་ནད་པའི་ཁྲོད་ཀྱི་སུམ་ཆའི་གཅིག་ཙམ་ལ་སྨན་བསྟེན་ནས་སྨན་བཅོས་བྱེད་དགོས་ལ། གཙོ་བོ་ཡི་མུག་པ་དང་རེད་པ་དང་ཟུངས་ཁྲག་ཞན་པའི་བང་མ་བཅས་ཡིན་ཞིང་། དེ་དག་ལ་དུས་ཐོག་ཏུ་སྲིན་འགོག་སྨན་རྫས་དང་ལྕགས་བཟོས་སྦྱོར་བ། འཚོ་བཅུད་སོགས་བསྟེན་ནས་ལུས་པོའི་རིམས་འགོག་ནུས་ཤུགས་ཇེ་ཆེར་གཏོང་དགོས། ཡི་མུག་པ་ཚབས་ཆུང་བའི་ནད་པར་ལྷོད་འཇགས་གཏོང་བའི་སྨན་རིགས་བཀོལ་ན་ཆོག་ལ། ཡི་མུག་པ་ཚབས་ཆེན་ཡིན་ན་སན་དཔན་རིགས(三环类) ཀྱི་ཡི་མུག་པ་འགོག་པའི་སྨན་བཀོལ་ནས་གསོ་བཅོས་བྱེད་དགོས། དེང་སྐབས་སྨན་སྣ་ཤིན་ཏུ་མང་བས་ནད་པས་ཆེད་ལས་སྨན་པར་བརྟེན་ན་གསོ་བཅོས་ཆ་ཚང་ཞིང་ལེགས་པོ་ཞིག་བྱེད་ཐུབ། ཡིད་འཇོག་བྱེད་དགོས་པ་ཞིག་ནི་བུད་མེད་མང་ཤོས་ཤིག་གིས་སྨན་བཅོས་དང་ལེན་བྱས་ཚེ་རང་གི་གཅེས་ཕྲུག་དང་ཁ་འབྲལ་དགོས་པར་འཛེམ་པ་དང་ཡང་ཁ་ཅིག་གིས་སྨན་བཅོས་བྱས་ན། སྨན་རྫས་དེ་ནུ་ཞོ་བརྒྱུད་ནས་བྱིས་པའི་ལུས་སྟེང་ལ་ཁྱབ་པར་སྐྲག་ནས་གསོ་བཅོས་བྱེད་རྒྱུར་འགོར་འགྱངས་གཏོང་བཞིན་ཡོད་པ་རེད། ཆེད་མཁས་པས་བསྟན་དོན། ཡི་མུག་པའི་ནད་གསོ་བའི་སྨན་ནུ་ཞོ་བརྒྱུད་ནས་འབབ་སྲིད་པ་བདེན་མོད། ཡིན་ནའང་ནུ་ཞོའི་ནང་སྨན་རྫས་ཀྱི་འདུས་ཚད་ཧ་ཅང་ཉུང་བས་བྱིས་པར་གནོད་པ་ཐེབས་མི་སྲིད་ཟེར། །

གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ།》ལས་བདམས་པ་ཡིན། 

རྩོམ་སྒྲིག་པ། འབྲུག་མོ།