དགུན་དུས་ཀྱི་དབུགས་ལམ་ནད་ལ་ཚན་རིག་དང་མཐུན་པའི་སྔོན་འགོག་དང་གསོ་བཅོས་བྱེད་ཐབས།
2023.12.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ད་ལྟའི་དུས་འདི་ནི་དགུན་དུས་ཀྱི་དབུགས་ལམ་ནད་ལྡང་བའི་དུས་ཡིན་མོད། ང་ཚོས་དེ་ལ་སེམས་ཁྲལ་ཆེན་པོ་བྱེད་དགོས་དོན་མེད་དེ། ཆམ་རིམས་ནི་ལོ་རྒྱུན་གྱི་ཟླ་བཅུ་པའི་ཟླ་སྨད་ནས་བཟུང་སྟེ་གང་སར་མཆེད་པ་ཡིན་ལ། དུས་དེར་དབུགས་ལམ་གྱི་ནད་རིགས་གཞན་པའང་འབྱུང་བ་ཡིན། དེ་ལ་ང་ཚོས་ཚན་རིག་དང་མཐུན་པའི་བྱེད་ཐབས་སྣ་མང་སྤྱད་དེ་རང་ཉིད་དང་ཁྱིམ་མིའི་བདེ་ཐང་ལ་ཇི་ལྟར་ཁག་ཐེག་བྱེད་དགོས་ཤེ་ན།

གཅིག མི་ཚོགས་འདུ་སར་མི་འགྲོ་བ།

མི་ཚོགས་འདུ་ས་དང་། ནང་སྒོས་སུ་མཁའ་དབུགས་རྒྱུ་མི་ཐུབ་པའི་ཁང་པའི་ནང་ནི་དབུགས་ལམ་ནད་འབྱུང་སླ་བའི་གནས་ཡིན་པས། དེ་འདྲའི་གནས་སམ་གཤམ་དུ་བཀོད་པའི་གནས་དེ་དག་ཏུ་དབུགས་ལམ་ནད་འགོས་པར་མཉམ་འཇོག་དགོས།

1. སློབ་གྲྭ་དང་བྱིས་སྐྱོང་ཁང་། རྒན་གསོ་ཁང་། ཕན་བདེ་གླིང་སོགས་མི་ཚོགས་འདུ་ས།

2.ས་འོག་ལྕགས་ལམ། སྤྱི་སྤྱོད་རླངས་འཁོར། གནམ་གྲུ་སོགས་མི་ཚོགས་འདུ་སའི་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད།

3. སྨན་ཁང་དང་སྒོ་བསྟེན་ཁང་སོགས་སྨན་བཅོས་སྡེ་ཁག

4. ཟློས་གར་གླིང་དང་གློག་བརྙན་ཁང་། གསོལ་ཁང་སོགས་སྤྱི་པའི་འདུ་གནས། བྱ་འགུལ་ཆེ་རིགས་སྤེལ་ས་སྟེ། དཔེར་ན་གླུ་གར་འཁྲབ་སྟོན་དང་ལུས་རྩལ་འགྲན་ཚོགས་སྤེལ་ས་ལྟ་བུ།

གཉིས། རང་ཉིད་ཀྱི་གཙང་སྦྲར་དོ་སྣང་བྱེད་པ།

དབུགས་ལམ་ཀྱི་ནད་རིགས་ཚབས་ཆེན་པོའི་སྒོ་ནས་མཆེད་དུས།  རང་ཉིད་ཀྱི་གཙང་སྦྲར་ལྷག་པར་མཉམ་འཇོག་དགོས།

1.ལག་པ་བཀྲུས་ཏེ་ལག་པའི་གཙང་སྦྲར་ནམ་རྒྱུན་དོ་སྣང་བྱེད་པའི་གོམས་གཤིས་བཟང་པོ་ཆགས་པར་བྱེད་པ་དང་། འདག་རྫས་དང་བཞུར་ཆུ་ལ་བསྟེན་པ་གལ་ཆེ།

2.གློ་ལུ་བ་དང་སྣ་སྦྲིད་རྒྱག་སྐབས་གཙང་ཤོག་དང་ལག་ཕྱིས། ཕུ་རུང་སོགས་ཀྱིས་ཁ་སྣ་འགེབས་པ།

3.མིག་དང་ཁ་སྣ་ལ་རྒྱུན་པར་རེག་ཐུག་བྱེད་པའི་གོམས་གཤིས་དེ་བསྒྱུར་དགོས།

4. ནད་པ་དང་འགྲོགས་འདྲིས་ཉུང་བར་བྱེད་པ་དང་། སྤྱི་པའི་འདུ་གནས་སུ་ཁ་ཐུམ་རྒྱག་པ།

5. ཕྱིའི་དྲོ་གྲང་ཚད་དང་རན་དུས། དུས་དང་དུས་སུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བར་བྱེད་པ།

གསུམ། དུས་ཐོག་ཏུ་འགོག་སྨན་རྒྱག་པ།

ཆམ་རིམས་ཀྱི་འགོག་སྨན་རྒྱག་པ་ནི་ཆམ་རིམས་སྔོན་འགོག་དང་། ཡང་ན་ཆམ་རིམས་དང་འབྲེལ་བའི་ནད་རིགས་ཚབས་ཆེན་མི་འགོ་བར་བྱེད་པ་དང་། ཤི་རྐྱེན་འགོག་ཐབས་ཀྱི་བྱེད་ཐབས་ནུས་ལྡན་ཞིག་ཡིན། ཆམ་རིམས་དང་པྲོག་གསར་ནད་དུག་སོགས་འགོག་སྨན་གྱི་དམིགས་སར་གྱུར་པའི་དབུགས་ལམ་ནད་རིགས་འགོ་སླ་བའི་མི་ཚོགས་ཀྱིས་དུས་ཐོག་ཏུ་འགོག་སྨན་བརྒྱབ་སྟེ། འགོ་ནད་ཀྱི་ནད་གཞུག་ཚབས་ཆེན་དུ་འགྱུར་བ་སྔོན་འགོག་བྱེད་དགོས། ལོ་རེ་ལྔའི་ཡན་ལ་བུད་པའི་རྒན་པ་རྣམས་ལ་གློ་ཚད་ཟླུམ་སྲིན་གྱི་འགོག་སྨན་བརྒྱབ་མེད་ན། སྔ་མོ་ནས་འགོག་སྨན་དེ་རིགས་རྒྱག་དགོས། གལ་ཏེ་སྔོན་ཆད་འགོག་སྨན་བརྒྱབ་མྱོང་ན། ལོ་ལྔའི་ནང་དུ་འགོག་སྨན་དེ་བསྐྱར་དུ་རྒྱག་པར་བསམ་བློ་གཏོང་ཆོག་པ་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།