ནུ་མའི་བདག་སྐྱོང་དང་བདེ་སྲུང་།
2023.12.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0


གཅིག སྤྱིར་བཏང་གི་བདེ་ཐང་ཤེས་བྱ།

མངལ་ཆགས་པ་ནས་བཟུང་རྗེས་ཕྱོགས་བྱིས་པར་ནུ་མ་བསྣུན་པར་གྲ་སྒྲིག་བཟང་པོ་བྱེད་དགོས། ནུ་མ་དང་ནུ་མགོར་བདག་སྐྱོང་དང་བདེ་སྲུང་ལེགས་པོ་བྱེད་མིན་དེ་བྱིས་པ་བཙས་རྗེས་ནུ་ཞོ་འབབ་པ་དང་ནུ་མ་བདེ་བླགས་ངང་བསྣུན་ཐུབ་མིན་ལ་འབྲེལ་བ་ཡོད།

1.ནུ་མ་བསྣུན་པར་སེམས་ཁམས་ཀྱི་གྲ་སྒྲིག་བཟང་པོ་བྱ་དགོས།

སྦྲུམ་མ་རེ་རེར་རང་གི་བྱིས་པར་ནུ་མ་བསྣུན་པའི་སེམས་ཁམས་ཀྱི་གྲ་སྒྲིག་ཅིག་ཡོད་དགོས་ལ། མའི་ནུ་ཞོ་བསྣུན་པའི་དགོས་ངེས་རང་བཞིན་དང་གལ་ཆེན་རང་བཞིན་ཤེས་སུ་འཇུག་དགོས་པ་དང་། བསམ་པའི་དོགས་སྣང་ཚང་མ་མེད་པར་བཏང་ནས་ནུ་ཞོས་བྱིས་པ་གསོ་བར་ཡིད་ཆེས་བཅངས་ནས་བདེ་བླགས་ངང་ནུ་མ་བསྣུན་པར་སེམས་ཁམས་ཀྱི་གྲ་སྒྲིག་བཟང་པོ་ཡོད་དགོས།

2.མངལ་ཆགས་རྗེས་འཚོ་བཅུད་ལ་ཡིད་འཇོག་བྱ་དགོས།

མངལ་ཆགས་པའི་རྗེས་ཀྱི་འཚོ་བཅུད་ནི་སྦྲུམ་བུའི་དམིགས་བསལ་གྱི་དགོས་མཁོ་ཁག་ཐེག་དང་ལུས་སྟེང་གི་རྙིང་ཚབ་གསར་བརྗེ་བྱེད་པ། བྱིས་པ་སྐྱེ་བ་དང་ནུ་མ་བསྣུན་པར་གྲ་སྒྲིག་བཟང་པོ་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན། སྦྲུམ་མར་འཚོ་བཅུད་མ་འདང་ན། སྦྲུམ་བུ་མངལ་ནས་འཚར་སྐྱེ་ཞན་པར་མ་ཟད། བཙས་གཞུག་གི་ནུ་ཞོ་འབབ་མིན་ལ་འབྲེལ་བ་ཆེན་པོ་ཡོད།

3.མངལ་ཆགས་རྗེས་བསྡམས་དྲགས་པའི་སྟོད་ལྭ་དང་ནུ་ཁེབས་མི་གྱོན་པ།

ནུ་མ་བསྡམས་དྲགས་ན་ནུ་མའི་གཤེར་རྨེན་འཚར་སྐྱེ་ལ་གནོད་པ་ཐེབས་སྲིད་པས་དེ་ལྟར་བྱ་མི་རུང་།

4.ནུ་མགོ་རྒྱུན་པར་གཙང་མ་དང་སྐམ་པོ་ཡིན་དགོས།

མངལ་སྦྲུམ་ནས་ཟླ་དྲུག་འགོར་རྗེས་རྒྱུན་པར་ནུ་མགོ་གཙང་མར་བཀྲུ་དགོས། བཀྲུ་ཐབས་ནི་ལག་ཕྱིས་ཆུ་དྲོན་འཇམ་ནང་བསྒྲེས་ནས་ནུ་མགོ་བཀྲུ་དགོས་ཤིང་། ཉིན་རེར་ཐེངས་གཅིག་ནས་གཉིས་ཙམ་བཀྲུས་ཏེ། ནུ་མགོའི་སྐྱི་པགས་སྐྱེ་འཕེལ་དང་ཇེ་མཐུག་ལ་འགྱུར་དུ་འཇུག་པ་དང་ནུ་མའི་མཐའ་འཁོར་གྱི་སྐྱི་པགས་སྲ་ཞིང་མཉེན་པར་བཏང་ནས་བྱིས་པའི་ནུ་སྐབས་ནུ་མགོར་རྨ་མི་བཟོ་བ་བྱེད་དགོས། འདག་རྫས་དང་ཆང་བཅུད་སོགས་ཀྱིས་བཀྲུས་ན་སྐྱི་པགས་སྐམ་ཞིང་གས་ཐལ་འགྲོ་བས་དེའི་རིགས་བཀོལ་མི་རུང་། ནུ་མགོར་སྐོགས་ཤུན་ཡོད་ཚེ་སྣུམ་གྱིས་ནེམ་པོར་བཏང་སྟེ་ཆུ་དྲོན་གྱིས་གཙང་མར་བཀྲུ་དགོས།

5.ཡང་དག་པའི་ནུ་ཞོ་བསྣུན་པའི་ཤེས་བྱར་བྱང་དགོས།

ནུ་ཞོ་བསྣུན་སྐབས་བྱིས་པ་པང་དུ་བཟུང་ནས་བྱིས་པའི་ཁ་དང་ནུ་མགོ་མཐོ་དམའ་གཅིག་ཏུ་བཟུང་ཞིང་མའི་ལག་པས་གཞུ་དབྱིབས་ལྟར་ནུ་ཞབས་སྐྱོར་ན་བྱིས་པས་ནུ་བར་ཕན་ལ། འཇིབ་དྲགས་ནས་ནུ་མ་འཐེན་དུ་མི་འཇུག བྱིས་པས་ནུ་མགོ་ཁ་ནང་དུ་བཟུང་ནས་གཉིད་དུ་འཇུག་རུང་བ་དང་ནུ་མ་གཉིས་ཀ་རེས་བསྐོར་ནས་བསྣུན་དགོས། ཐེངས་རེར་སྣུན་ཚར་རྗེས་ནུ་མགོ་གཙང་མར་ཕྱིས་ཏེ་ཕྲ་སྲིན་སྐྱེ་འཕེལ་མི་འབྱུང་བ་བྱེད་དགོས།

6.རྒྱུན་པར་ནུ་མར་འཕུར་མཉེད་བྱ་དགོས།

ནུ་མར་རྒྱུན་དུ་འཕུར་མཉེད་བྱས་ན་ནུ་ཞོ་ཇེ་མང་དུ་འགྲོ་ལ་ཁྲག་རྒྱུན་འཁོར་སྐྱོད་ཇེ་བཟང་དུ་བཏང་ནས་ནུ་མར་ཚིལ་མཁོ་སྤྲོད་བྱས་ཏེ་ནུ་མ་རྒྱས་པར་ཕན་པ་ཆེ། ནུ་མ་བསྣུན་ནས་ནུ་མ་ཐུར་དུ་འཕྱང་བ་དང་བསྐུམ་པ་འགོག་ཆེད། ནུ་མ་བསྣུན་སྐབས་སུ་བྲང་ཁོག་ལུས་རྩལ་སྦྱོང་དགོས། དཔེར་ན་ལྕགས་ལོག་འགྱོགས་པ་དང་གན་རྐྱལ་ཉལ་ནས་ཡར་དགྱེ་མར་ཉལ་བྱེད་པ་སོགས་བྱས་ནས་བྲང་ཁའི་ཤ་གྲིམ་སྦྱོང་བརྡར་དང་ནུ་མ་རྒྱས་སུ་འཇུག་དགོས།

7.ནུ་མ་མ་བསྣུན་གོང་དང་བསྣུན་རྗེས་ཀྱི་ནུ་མའི་བདག་སྐྱོང་ལ་ཡིད་འཇོག་བྱ་དགོས།

ནུ་མ་མ་བསྣུན་སྔོན་ལ་ཆུ་དྲོད་འཇམ་གྱིས་ནུ་མ་གཙང་མར་བཀྲུ་བ་དང་ལག་འཇམ་པོས་ནུ་མ་འཕུར་མཉེད་བྱས་ཏེ་འོ་མ་འབབ་ཏུ་འཇུག་དགོས། ནུ་མ་བསྣུན་ཐེངས་རེར་བྱིས་པས་ནུ་མ་ནུས་ཚར་དུ་འཇུག་དགོས་ལ། མ་ཚར་ན་འཇིབ་བྱེད་བཀོལ་ནས་འོ་མ་ལྷག་མ་རྣམས་འཇིབ་ཚར་ནས་འོ་མ་གསར་བ་གསོག་ཏུ་འཇུག་དགོས་པ་མ་ཟད། ནུ་མར་ཆེ་ཆུང་ཤོར་བ་སྔོན་འགོག་བྱེད་དགོས། ནུ་མ་ལེགས་པོར་ལྡུད་མི་ཐུབ་ན་ནུ་ཞོ་སྣོད་དུ་བཙིར་ནས་ལྡུད་དགོས། མ་ཡིས་ཆེ་ཆུང་རན་པའི་ནུ་ཁེབས་བརྒྱབ་ནས་ནུ་མ་མར་འཕྱང་བ་དང་ཁྲག་རྒྱུན་འཁོར་སྐྱོད་ཞན་པ། འོ་མ་འགག་པ་བཅས་སྔོན་འགོག་བྱེད་དགོས།

གཉིས། བཙས་གཞུག་མྱུར་དུ་ནུ་ཞོ་བསྣུན་དགོས།

ལད་ཟློས་དཔེ་སྟོན་དང་ཡང་ན་ཐད་ཀར་ཁྲིད་སྟོན་བྱེད་ཐབས་སོགས་བརྒྱུད་ནས་སྔ་མོ་ནས་ནུ་མ་འཇིབ་ཏུ་འཇུག་པར་རམ་འདེགས་བྱེད་དགོས། སྤྱིར་བཏང་དུ་བཙས་གཞུག་གི་དུས་ཚོད་ཕྱེད་ཀའི་ནང་ནུ་མ་བསྣུན་མགོ་བརྩམས་ཆོག བཙས་གཞུག་ཏུ་ནུ་མ་བསྣུན་པ་ནི་སྐྱེ་ལུགས་ཀྱི་སྣང་ཚུལ་ཞིག་ཡིན་ལ། བང་མའི་འོ་མ་འབབ་ཚད་མང་ཉུང་དེ་ནུ་མ་འཚར་སྐྱེ་བྱུང་ཚུལ་ལ་འབྲེལ་བ་ཡོད་པ་ལས་གཞན་གཙོ་བོ་ཀླད་པའི་ཚོར་སྣང་ལ་འབྲེལ་བ་ཡོད་པས། བྱིས་པས་ནུ་མགོ་འཇིབ་ན་འོ་མ་འབབ་པར་ཕན་ལ། ནུ་མགོ་འཇིབ་པ་ཇི་ལྟར་སྔ་ཞིང་འཇིབ་ཐེངས་མང་ན་འོ་མ་དེ་ལྟར་མང་དུ་འབབ་པས་བྱིས་པའི་དགོས་མཁོ་སྐོང་ཐུབ། དེ་ལས་ལྡོག་སྟེ་ནུ་མ་བསྣུན་པ་ཇི་ལྟར་འཕྱི་བ་དང་བསྣུན་ཐེངས་ཉུང་ན་འོ་མ་ཡང་དེ་ལྟར་དུ་ཉུང་ལ་ནུ་མ་བསྣུན་འདོད་རུང་ནུ་ཞོ་མེད་པས་ངོ་མའི་ཡིད་ཕངས་པ་ཞིག་ཡིན། གཞན་ད་རུང་། ནུ་མ་ནུས་ན་མའི་བུ་སྣོད་བསྐུམ་པར་ཕན་ལ་བང་མར་བཙས་གཞུག་ཏུ་ཁྲག་འབུད་པ་ཇེ་ཉུང་དུ་འགྲོ་བ་ཡིན།  བྱིས་པའི་སྐྱེ་ལུགས་རང་བཞིན་གྱི་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ་སྔོན་འགོག་བྱེད་པ་དང་མས་རང་གི་བྱིས་པ་བྲང་ལ་གླན་ན། བྱིས་པས་ཨ་མའི་ལུས་དྲོད་དང་། རེག་བྱ་མྱངས་པ་ལས་ལུས་སེམས་ལ་བདེ་བ་ཆེན་པོ་ཞིག་ཐོབ་ལ་མ་བུའི་བརྩེ་འདང་ཡང་ཇེ་ཆེར་འགྲོ་བ་དང་ད་དུང་བྱིས་པའི་བློ་རིག་བསྐྱེད་པར་ཤིན་ཏུ་ཕན།

བཙས་གཞུག་གི་ཉིན་ལྔ་ཡི་ནང་གི་སྤྲི་ནི་ཅུང་ཉུང་ལ་མདོག་སེར་ཞིང་འབག་པས་སྤྲི་ཕྱིར་མི་བཙུར་བར་བྱིས་པར་འཇིབ་ཚར་དུ་འཇུག་དགོས། སྤྲིའི་ནང་དུ་རིམས་ཐར་ཟླུམ་སྤྲི་དཀར་དང་ཕྲ་ཕུང་དཀར་པོ་སོགས་ནད་འགོག་གྲུབ་ཆ་འདུས་པས་བྱིས་པའི་བཅུད་ལྡན་མཆོག་གྱུར་གྱི་ཟས་ཡིན།

ནུ་མ་བསྣུན་འཕྱི་ན་བྱིས་པའི་བདེ་ཐང་ལ་མི་ཕན། ནུ་མ་བསྣུན་འཕྱི་བའི་བྱིས་པར་མཁྲིས་ཆེར་ཅུང་ལྕི་ལ་བཙས་མ་ཐག་པའི་བྱིས་པར་ཐོག་མའི་ཉིན་གཉིས་ནང་ཟས་མ་བྱིན་ན་ཁྲག་མངར་ཇེ་དམར་གྱུར་ནས་ཀླད་པར་གནོད་པ་ཐེབས་སྲིད། དེའི་ཕྱིར། ཉིན་དཀར་དང་མཚན་མོ་གང་ཡིན་རུང་དུས་ངེས་མེད་དང་ཚད་ངེས་མེད་དུ་ནུ་ཞོ་བསྣུན་དགོས། བྱིས་པ་ལྟོགས་ཚེ་ནུ་མ་བསྣུན་པ་དང་མའི་ནུ་མ་རྒྱས་ནའང་ནུ་ཞོ་བསྣུན་ཆོག དུས་ཚོད་གཅིག་ནས་གཉིས་ཀྱི་ནང་དུ་ཐེངས་གཅིག་བསྣུན་དགོས། ཐོག་དང་པོར་བསྣུན་དུས་སྐར་མ་གསུམ་ནས་ལྔ་ལ་བསྣུན་པ་དང་རྗེས་སུ་རིམ་གྱིས་སྐར་མ་བཅོ་ལྔ་ནས་ཉི་ཤུའི་བར་ཇེ་རིང་དུ་གཏོང་དགོས། །

གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས་པ་ཡིན། 

རྩོམ་སྒྲིག་པ། འབྲུག་མོ།