དབུགས་ལམ་ནད་ཡམས་ཀྱི་ནད་བརྟག་སྨན་བཅོས་བྱེད་ཚད་མུ་མཐུད་དུ་མར་ཆག
2023.12.27 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 0

 ཉེ་ལམ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་དགུན་དུས་ཀྱི་དབུགས་ལམ་ནད་ཡམས་ཀྱི་འགོག་བཅོས་གནས་ཚུལ་ངོ་སྤྲོད་བྱས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་སྨིས་ཧྥིན་གྱིས་བཤད་རྒྱུར།   ཉེ་ལམ། རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་དང་མྱུར་སྐྱོབ་ཚན་ཁག་ཏུ་དབུགས་ལམ་ནད་ཡམས་ཀྱི་ནད་བརྟག་སྨན་བཅོས་བྱེད་ཚད་སྤྱིའི་ཆ་ནས་མུ་མཐུད་དུ་མར་ཆག་བཞིན་ཡོད་ཟེར།

སྨིས་ཧྥིན་གྱིས་བཤད་རྒྱུར། ཟླ12ཚེས22ཉིན། རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་རིམ་པ་གཉིས་པ་ཡན་གྱི་སྒོ་བསྟེན་དང་མྱུར་བའི་རང་བཞིན་གྱི་ནད་རིགས་ཚན་ཁག་ཏུ་དབུགས་ལམ་ནད་ཡམས་ཀྱི་ནད་བརྟག་སྨན་བཅོས་བྱེད་ཚད་གཟའ་འཁོར་སྔོན་མའི་དུས་མཉམ་ལས8.2%མར་ཆག་པ་དང་། སྨན་བཅོས་བྱེད་ཚད་མཐོ་བའི་དུས་ལས་30.02%མར་ཆག་ཡོད། རྒྱལ་ཁབ་ཕྱི་ནང་གི་དབུགས་ལམ་ནད་ཡམས་མཆེད་ཚུལ་དང་། ནད་རྐྱེན་འགྱུར་ལྡོག་འགྲོ་ཚུལ། ནད་དུག་གི་ངོ་བོ་འགྱུར་བའི་གནས་ཚུལ་བཅས་ལ་ལྟ་ཞིབ་སྔར་ལས་དམ་ཟབ་བྱས་ཏེ། གནས་བབ་ལ་དབྱེ་ཞིབ་དང་ལྟ་ཞིབ་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་དགོས། སྨན་བཅོས་ཐོན་ཁུངས་སྔར་ལས་ཇེ་མང་དུ་གཏོང་བ་དང་། སྨན་རྫས་མཁོ་འདོན་འགན་སྲུང་ཡག་པོ། ནད་བརྟག་སྨན་བཅོས་ཀྱི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཙོ་གནད་མི་ཚོགས་ལ་རིགས་དབྱེ་བ་དང་རིམ་པ་ཕྱེ་ནས་བདེ་ཐང་ཞབས་ཞུའི་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། རིམས་འགོག་སྨན་ཁབ་ལེགས་པོར་རྒྱག་དགོས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞི་རིམ་སིའི་སི་ཀྲང་ཕུའུ་ཝུའེ་ཡིས་ངོ་སྤྲོད་བྱེད་རྒྱུར། སྟོན་ཀ་དང་དགུན་ཁའི་ཚུན་ལ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་དང་ལྷག་པར་དུ་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དགོས་མཁོ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ལོ་ སྟོད་དུ་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་བྱེད་ཐབས་ནུས་ལྡན་དང་ཟུང་འབྲེལ་བྱས་ནས། བྱིས་པའི་ཚན་ཁག་གི་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་དང་། ཁག་བགོས་ནད་བརྟག གཙོ་གནད་མི་ཚོགས་ཀྱི་བདེ་ཐང་དོ་དམ། རིམས་འགོག་སྨན་ཁབ་རྒྱག་པ། བདེ་ཐང་སློབ་གསོ་སོགས་ཀྱི་ཐད་མུ་མཐུད་དུ་ནུས་པ་གལ་ཆེན་བཏོན་ཡོད། ས་གནས་སོ་སོར་གཞི་རིམ་གྱི་ལྟ་ཞིབ་བྱ་ཡུལ་གྱི་ནུས་པ་ཏན་ཏིག་གིས་འདོན་པར་མཛུབ་སྟོན་བྱས་ནས། སྨན་བཅོས་ལུགས་མཐུན་བྱེད་པར་ཁྲིད་སྟོན་བྱེད་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ལས་དོན་ཧུར་ཐག་གིས་བསྒྲུབས་ཡོད། གཅིག་ནི་གཞི་རིམ་གྱི་བྱིས་པའི་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། བྱིས་པའི་ཚན་ཁག་གི་སྨན་པའི་དཔུང་ཁག་སྟོབས་ལྡན་དུ་བཏང་བ་དང་། བྱིས་པའི་ཚན་ཁག་གི་དམིགས་བསལ་ནད་གཞིར་ནད་བརྟག་སྨན་བཅོས་གསོ་སྦྱོང་བྱེད་མྱོང་བའི་སྨན་པ་སྒྲིག་འཛུགས་བྱས་ཏེ། བྱིས་པའི་ཚན་ཁག་གི་སྨན་བཅོས་ཞབས་ཞུ་སྒྲུབ་པ་དང་། གཉིས་ནི་ཁོངས་གཏོགས་ཁུལ་གྱི་ཕྱོགས་བསྡུས་སྨན་ཁང་གི་བྱིས་པའི་ཚན་ཁག་དང་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་འབྲེལ་མཐུད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མི་སྣ་གཞི་རིམ་དུ་སྨན་བཅོས་བྱེད་པར་བཀོད་སྒྲིག་དང་། དགེ་རྒན་གྱིས་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ནད་པ་ཁག་བགོས་བཅས་བྱས་ཡོད། གསུམ་ནི་གཞི་རིམ་གྱི་སྨན་པར་བྱིས་པའི་ཚན་ཁག་དང་དགུན་དཔྱིད་གཉིས་ཀྱི་དབུགས་ལམ་ནད་ཡམས་ཀྱི་ནད་བརྟག་སྨན་བཅོས་ཐད་ཀྱི་ཤེས་བྱ་དང་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།  བཞི་ནི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་སྡོད་དམངས་གཞི་རིམ་དུ་སྨན་བཅོས་བྱེད་པར་སྐྱོད་དགོས་པའི་དྲིལ་བསྒྲགས་དང་ཁྲིད་སྟོན་བྱས་པ་དང་ཆབས་ཅིག  གཞི་རིམ་གྱི་འཕྲོད་བསྟེན་བདེ་ཐང་གི་དམངས་ཕན་ཞབས་ཞུ་བྱེད་ཐབས་ཁག10བཏོན་པས། མང་ཚོགས་ཐག་ཉེ་སར་སྨན་བཅོས་བྱེད་པར་སྔར་ལས་སྟབས་བདེ་བསྐྲུན་ཡོད།

ཀྲུང་གོ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་འགོ་ནད་དོ་དམ་ཁྲུའུ་ཡི་དབུགས་ལམ་འགོ་ནད་ཁང་གི་ཀྲུའུ་རིན་ཕེན་ཀྲི་པིན་གྱིས་ངོ་སྤྲོད་བྱེད་རྒྱུར།  ཉེ་ལམ་རང་རྒྱལ་དུ་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་ནད་ཡམས་ཇེ་ཉུང་དུ་འགྲོ་ཚུལ་མངོན་ཞིང་། རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་པ་བསྟེན་ཚད་དང་། དེ་བཞིན་ལྟ་ཞིབ་བྱ་ཡུལ་སྨན་ཁང་དུ་གཟའ་འཁོར་རེར་ཆམ་རིམས་ནད་པས་སྒོ་བསྟེན་སྨན་ཁང་དང་མྱུར་བའི་རང་བཞིན་གྱི་ནད་རིགས་ཚན་ཁག་ཏུ་བསྡུར་གྲངས་ཟིན་ཚད་མར་ཆག་ཡོད། སྤྱིའི་ཆ་ནས་བལྟས་ན། མིག་སྔར་མྱུར་བའི་རང་བཞིན་གྱི་དབུགས་ལམ་ནད་ཡམས་ལ་ཆམ་རིམས་ནད་དུག་གཙོ་བོར་བྱས་པ་དང་ནད་རྐྱེན་གཞན་དག་མཉམ་དུ་ཁྱབ་ཚུལ་མངོན་ཡོད།

ཕེན་ཀྲི་པིན་གྱིས་དབུགས་ལམ་འགོ་ནད་ཀྱི་རྒྱུན་ལྡན་གྱི་འགོག་སྲུང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་སྤྱི་དམངས་ཀྱིས་ཕྱོགས་བཞིའི་ཐད་ཀྱི་འགོག་སྲུང་བྱེད་ཐབས་ལ་ཤུགས་སྣོན་བྱེད་དགོས། གཅིག་ནི་ས་འོག་མེ་འཁོར་དང་། སྤྱི་སྤྱོད་རླངས་འཁོར། མེ་འཁོར། གནམ་གྲུ་སོགས་ལ་སྡོད་སྐབས་ཚན་རིག་དང་མཐུན་པའི་ངང་ཁ་ཐུམ་རྒྱག་པ་དང་། དུས་ཐོག་ཏུ་ལག་པ་བཀྲུ་བའམ་ཡང་ན་ལག་པར་དུག་སེལ་ཡག་པོ་བྱེད་པ། ལམ་བར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བཅས་བྱེད་དགོས་པ་དང་། གཉིས་ནི་ལོ་65ཡན་གྱི་རྒན་རྒོན་དང་། སྦྲུམ་མ། བྱིས་པ། ད་དུང་གཅོང་ནད་དང་རྨང་གཞིའི་ནད་གཞི་ཚབས་ཆེན་ཕོག་པའི་ནད་པར་དམིགས་ནས་མི་ཚོགས་འདུ་འཛོམས་ཆེ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་སྤྱི་པའི་འདུ་འཛོམས་བྱ་ཡུལ་དུ་གང་ཐུབ་ཅི་ཐུབ་ཀྱིས་ཉུང་ཙམ་སྐྱོད་དགོས། གལ་ཏེ་སྐྱོད་དགོས་ཚེ་ཚན་རིག་དང་མཐུན་པའི་ངང་ཁ་ཐུམ་རྒྱག་དགོས། གསུམ་ནི་དབུགས་ལམ་གྱི་འགོ་ནད་ཕོག་པའི་ནད་པའམ་ཡང་ན་འབྲེལ་ཡོད་ནད་རྟགས་ཡོད་མཁན་རྣམས་གནས་སྐབས་ཕྱི་རུ་མི་སྐྱོད་པ་དང་མི་གཞན་དག་ལ་མི་འགོ་བ་གང་ཐུབ་བྱེད་དགོས། བཞི་ནི་འདུ་འཛོམས་བྱེད་སྒོ་ཆེ་གྲས་གཉེར་མཁན་ཚན་པའམ་ཡང་ན་གཉེར་མཁན་ཕྱོགས་ཀྱིས་རླུང་རྒྱུ་བ་དང་། དུག་སེལ། བདེ་ཐང་དྲན་སྐུལ་བཅས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་ཆབས་ཅིག ས་གནས་དེ་གའི་དབུགས་ལམ་གྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ཆ་འཕྲིན་དང་བླང་བྱར་དོ་ཁུར་དང་བརྩི་སྲུང་བྱེད་དགོས་པའི་གྲོས་གཞི་བཏོན། །

རྩོམ་སྒྲིག་པ། འབྲུག་མོ།