རང་རྒྱལ་གྱིས་རྒྱུན་མཐུད་ངང་སེམས་ཁམས་བདེ་ཐང་གི་སྨན་བཅོས་ཞབས་ཕྱི་ནུས་པ་མཐོར་འདེགས་སུ་བཏང་།
2023.12.27 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 0

ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པར་གྲོས་ཞིབ་གནང་བར་ཕུལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སེམས་ཁམས་བདེ་ཐང་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་ཐེར་ཆེན་གཅིག་དང་དུང་ཕྱུར་དྲུག་བཏང་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི540ལྷག་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི600ལྷག་ལ་སེམས་ཁམས་ཆེད་ལས་ཚན་ཁག་གི་གཞི་རྩའི་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་བྱས་ཤིང་། སེམས་ཁམས་བདེ་ཐང་གི་སྨན་བཅོས་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་ཡོད།

སྙན་ཞུ་ལས། རང་རྒྱལ་གྱིས་ས་གནས་ཁག་གི་ཞིང་ཆེན་རིམ་པའི་སེམས་ཁམས་ཆེད་ལས་ཚན་ཁག་གི་སྨན་ཁང་དང་ཕྱོགས་བསྡུས་སྨན་ཁང་གི་སེམས་ཁམས་ཚན་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་སེམས་ཁམས་ཕན་བདེའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། རྒྱལ་ཁབ་ཀྱིས་སེམས་ཁམས་ནད་རིགས་གསོ་རིག་ལྟེ་གནས་འཛུགས་རྒྱུ་དང་རྒྱལ་ཁབ་ཀྱིས་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྱོང་བྱས་ཏེ། རྒྱལ་ཡོངས་ཀྱི་སེམས་ཁམས་ཆེད་ལས་ཚན་ཁག་གི་ཁྱབ་ཁོངས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱ་དགོས། སྨན་བཅོས་སྤུས་ཚད་དོ་དམ་དང་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་ཞིང་། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བསམ་བློའི་འགལ་རྐྱེན་གྱི་ནད་བརྟག་སྨན་བཅོས་ཚད་ལྡན་ཅན་དུ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་དགོས།

སྙན་ཞུ་ནང་། 2018ལོ་ནས་བཟུང་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་དཀར་ཆག་ནང་བསམ་བློའི་འགལ་རྐྱེན་གྱི་སྨན་རྫས་རིགས20ལྷག་ཇེ་མང་དུ་བཏང་བ་མ་ཟད། གྲོས་མོལ་བརྒྱུད་ནས་སྨན་རྫས་ཁག་གཅིག་གི་རིན་གོང་ཆེས་ཆེར་མར་ཆག་པར་ཁྲིད་སྟོན་བྱས། གཞན་ཡང་བསམ་བློའི་འགལ་རྐྱེན་གྱི་ནད་གཞིར་སྡེ་ཁུལ་གྱིས་དྲག་སྐྱེད་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་འདེད་གཏོང་དགོས། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་གཅིག་གིས“བསམ་བློའི་འགལ་རྐྱེན་དྲག་སྐྱེད་ཀྱི་མཉམ་འདྲེས་བྱ་འགུལ”ལག་བསྟར་ཇུས་གཞི་བཏོན་པ་དང་ཞིང་ཆེན་བདུན་གྱི་ཆུས་དང་རྫོང་སྡེ་ཁུལ་ཡོངས་ལ་དྲག་སྐྱེད་ཞབས་ཞུ་ཁྱབ་པར་བྱས་པ་དང་། ཞིང་ཆེན་བརྒྱད་ཀྱི་ཆུས་དང་རྫོང་ལ་ཞབས་ཞུ་ཁྱབ་ཚད70%ཡན་ལས་བརྒལ་ཡོད་པར་བསྟན།

སྙན་ཞུའི་ནང་། གོམ་སྟབས་རྗེས་མར་རང་རྒྱལ་གྱིས་སེམས་ཁམས་བདེ་ཐང་ཞབས་ཞུའི་མ་ལག་འཛུགས་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། སེམས་ཁམས་ཆེད་ལས་ཚན་ཁག་གི་སྨན་ཁང་དང་ཕྱོགས་བསྡུས་སྨན་ཁང་སོགས་ཀྱི་སེམས་ཁམས་ཚན་ཁག་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་དགོས། བྱིས་པའི་བསམ་བློ་དང་སེམས་ཁམས་ཚན་ཁག་གི་སྨན་པ་དང་སེམས་ཁམས་སྨན་བཅོས་པའི་གསོ་སྦྱོང་འཚོལ་ཞིབ་བྱས་ནས་ཤེས་ལྡན་མི་སྣའི་དཔུང་ཁག་གི་ཞན་ཆ་ཁ་གསབ་བྱ་དགོས། བསམ་བློའི་འགལ་རྐྱེན་ཚབས་ཆེན་ཡིན་པའི་ནད་པར་ཞབས་ཞུ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྡེ་ཁུལ་ནས་ལུས་ཁམས་དྲག་སྐྱེད་ཡོང་བར་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་དེ་བསྟུན་གྱི་འདེགས་སྐྱོར་འགན་ལེན་སྲིད་ཇུས་འཐུས་ཚང་དུ་བཏང་ནས་སེམས་ཁམས་ནད་གཞི་ཐད་ཀྱི་སྨན་རྫས་དང་། སེམས་ཁམས་སྨན་བཅོས། དངོས་ལུགས་སྨན་བཅོས་བཅས་ཀྱི་རྣམ་གྲངས་སྔར་ལས་མང་པོ་ཞིག་སྨན་བཅོས་འགན་སྲུང་གི་ཁྱབ་ཁོངས་ནང་བཞག་ནས་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། འབྲུག་མོ།