དལ་གཤིས་མཁལ་ནད་སྔོན་འགོག་དང་གསོ་བཅོས་བྱེད་ཚུལ།
2023.12.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

སྔོན་ཆད་མཁལ་མའི་ནད་དེ་དེ་འདྲ་མང་རྒྱུ་མེད་མོད། དེང་སྐབས་འབྱུང་ཚད་ཧ་ཅང་མཐོ་བའི་ནད་རིགས་ཤིག་ཏུ་གྱུར་ཡོད་པས། གཤམ་དུ་ཐོག་མར་མཁལ་མའི་ནད་ཀྱི་ད་ལྟའི་གནས་ཚུལ་ངོ་སྤྲོད་ཅིག་བྱས་རྗེས། དེ་ཇི་ལྟར་སྔོན་འགོག་བྱེད་དགོས་པའི་སྐོར་དང་མཁལ་མའི་ནད་ཇི་ལྟར་བདག་སྐྱོང་བྱེད་དགོས་པའི་སྐོར་ངོ་སྤྲོད་ཅིག་བྱེད།

སྤྱིར་མཁལ་མའི་ནད་དེ་བདག་སྐྱོང་བྱས་ན་གསོ་བཅོས་བྱེད་ཐུབ་པས་དེ་འདྲ་སྐྲག་དགོས་པའི་ནད་ཅིག་མིན།

ཅི་ཞིག་ལ་དལ་གཤིས་མཁལ་མའི་ནད་ཟེར་ཞེ་ན།

སྔོན་ཆད་ལྟ་ཚུལ་མང་པོ་ཡོད་དེ། དཔེར་ན་དལ་གཤིས་ཀྱི་མཁལ་མའི་ནུས་པ་མི་བཟང་བ་དང་། གཅིན་དུག་ནད་སོགས་གོ་དོན་མང་པོ་ཡོད་པས། སྨན་པ་དང་ནད་པས་ཕན་ཚུན་ལ་གོ་བརྡ་སྤྲོད་དུས་ཀྱང་ཧ་ཅང་དཀའ་ཁག་ཡོད་པ་རེད། ཉེ་བའི་ལོ་འདི་འགའི་རིང་ལ། དལ་གཤིས་ཀྱི་མཁལ་མའི་ནད་ཀྱི་གོ་དོན་ལ་རྒྱལ་སྤྱིའི་སྟེང་ནས་གཅིག་གྱུར་གྱིས་དལ་གཤིས་ཀྱི་མཁལ་མའི་ནད་ཅེས་པ་ནི། སློང་རྐྱེན་གང་རུང་ལ་བརྟེན་ནས་མཁལ་མར་གནོད་པ་ཐེབས་པའམ་མཁལ་མའི་ནུས་པ་ཇེ་ཞན་དུ་གྱུར་ནས་དུས་ཡུན་ཟླ་གསུམ་ཡན་འགོར་བའི་ནད་ལ་མཁལ་མའི་ནད་དུ་གཏན་འཁེལ་བྱས་ཡོད་པ་རེད། དལ་གཤིས་ཀྱི་མཁལ་མའི་ནད་དེ་གཙོ་བོར་མཁལ་མའི་ནུས་པ་ཇེ་ཞན་དུ་གྱུར་མེད་ནའང་མཁལ་མའི་ཆགས་གཞི་རྒྱུན་ལྡན་མིན་པའམ་ཡང་ན་གཅིན་པའི་ནང་དུ་ཁྲག་འདྲེས་ནས་ཟླ་གསུམ་ཡན་འགོར་ཡོད་པ་དང་། ད་དུང་གོང་གི་རྟགས་དེ་དག་མེད་ནའང་མཁལ་མའི་ནུས་པ་ཉམས་ནས་ཟླ་གསུམ་ཡན་འགོར་ན་དལ་གཤིས་ཀྱི་མཁལ་མའི་ནད་དུ་ངོས་བཟུང་ཆོག མང་ཚོགས་ལ་མཚོན་ནས་བཤད་ན། མཁལ་མའི་ནད་མང་ཆེ་ཤོས་ཤིག་དལ་གཤིས་ཀྱི་མཁལ་མའི་ནད་ཡིན་པ་རེད། གསོ་རིག་ཕྱོགས་ནས་དལ་གཤིས་ཀྱི་མཁལ་མའི་ནད་ལ་དུས་རིམ་མི་འདྲ་བར་བགར་ཡོད་པས། དུས་རིམ་མི་འདྲ་བ་ལྟར་དུ་གསོ་བཅོས་བྱེད་སྟངས་ཀྱང་མི་གཅིག

གལ་ཏེ་གཅིན་ལ་བརྟགས་ན་གཅིན་པའི་ནང་དུ་ཁྲག་དང་སྤྲི་དཀར་འདྲེས་ན་མཁལ་མའི་ནུས་པ་རྒྱུན་ལྡན་ཡིན་མོད། དེ་ཡང་མཁལ་མའི་ནད་ཀྱི་དུས་རིམ་ཐོག་མ་ཡིན། གལ་ཏེ་མཁལ་མའི་ནུས་པ་ཉམས་ཡོད་ན་དེ་ནི་མཁལ་མའི་ནད་ཀྱི་དུས་རིམ་གཉིས་པ་རེད། གལ་ཏེ་དལ་གཤིས་ཀྱི་མཁལ་མའི་ནད་དེ་སུམ་ཅུའི་ཡན་ལ་བུད་ན་དུས་རིམ་གསུམ་པར་བརྩི་དགོས་ལ། དེ་ལས་མང་བར་དུས་རིམ་བཞི་བར་བགར་དགོས་པས་སྐབས་དེར་བཙག་བཅོས་བྱེད་དགོས།

དལ་གཤིས་ཀྱི་མཁལ་མའི་ནད་འབྱུང་ཚད་ཇེ་མང་ཡིན་པའི་རྒྱུ་མཚན་ཅི་ཡིན་ཟེར་ན།

མི་གྲངས་ལོ་ལོན་ཅན་དུ་འགྱུར་ཚད་མང་བ་ནི་དེའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། མིའི་ཚེ་ཐག་ཇི་ལྟར་རིང་ན་དོན་སྣོད་ཀྱི་ནུས་པ་དེ་ལྟར་ཉམས་ཞན་དུ་འགྲོ་བཞིན་ཡོད་པ་རེད། དེ་བས་མི་གྲངས་ལོ་ལོན་ཅན་དུ་གྱུར་བ་དང་བསྟུན་ནས་དལ་གཤིས་ཀྱི་མཁལ་མའི་ནད་ཆེས་རྒྱུན་མཐོང་གི་ནད་ཅིག་ཏུ་གྱུར་ཡོད། ད་དུང་དལ་གཤིས་ཀྱི་མཁལ་མའི་ནད་འབྱུང་ཚད་མཐོ་བ་དེ། དེང་སྐབས་གཅིན་སྙི་ཟ་ཁུའི་ནད་དང་ཁྲག་ཤེད་མཐོ་བའི་ནད་འབྱུང་ཚད་ཇེ་མང་དུ་གྱུར་བར་འབྲེལ་བ་ཡོད་པ་རེད། གཅིན་སྙི་ཟ་ཁུའི་ནད་དང་ཁྲག་ཤེད་མཐོ་བའི་ནད་བྱུང་ནས་དུས་ཡུན་ངེས་ཅན་ཞིག་འགོར་ན་མཁལ་མའི་ནུས་པ་ཉམས་ནས་ཇེ་སྡུག་ཏུ་འགྲོ་ངེས། ད་དུང་རྒྱུ་རྐྱེན་གཞན་ཞིག་ཡོད་པ་ནི་སྨན་གང་འདོད་དུ་བཀོལ་བ་དེ་རེད། སྔོན་ཆད་མཁལ་མའི་ནུས་པ་ཉམས་པའི་ནད་པའི་ནང་གི་བཞི་ཆའི་གཅིག་ཙམ་སྨན་རྫས་ཀྱིས་བསླངས་པ་ཡིན་ལ། དེང་སྐབས་སྨན་རྫས་བཙོང་ས་གང་སར་ཡོད་པས། ལུས་ཕུང་ཅུང་ཟད་མ་བདེ་ནའང་ཚང་མས་རང་འདོད་སྒོས་སྨན་ཉོས་ནས་འཐུང་བཞིན་ཡོད་པས། མཁལ་མའི་ནུས་པ་ཉམས་པའི་ནད་པ་སྔར་ལས་ཇེ་མང་དུ་གྱུར་པ་རེད།

ད་དུང་རེད་པ་ལས་བསླངས་པའི་མཁལ་རིལ་ཆུང་བའི་ནད་རིགས་ཀྱང་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་རེད། དེ་ལས་གཞན་དེང་སྐབས་ཕྱོགས་ཡོངས་ཀྱི་ཆ་རྐྱེན་ཅུང་བཟང་བས་ལུས་ཕུང་ལ་བརྟག་དཔྱད་བྱེད་པ་དེ་ཁྱབ་གདལ་དུ་སོང་ཡོད་པས་མཁལ་མའི་ནད་བྱུང་ཡོད་མེད་ཀྱང་སྔ་མོ་ནས་ཤེས་ཐུབ། ད་དུང་གནད་དོན་ཚབས་ཆེན་ཞིག་ཡོད་པ་ནི། དེང་སྐབས་ང་ཚོས་ནད་ཐོག་ནས་མཐོང་པ་ནི་ལུས་ཕུང་ལ་ཞིབ་བཤེར་བྱས་ནས་མཁལ་མར་ནད་ཡོད་པ་ཤེས་རྗེས་ནད་པའི་འཚོ་བར་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པ་དེ་རེད། ནད་པ་དེ་དག་སྤྱིར་བདེ་ཐང་གི་མི་དང་འདྲ་བར་བྱ་བ་སོགས་ཅི་ཞིག་བསྒྲུབ་ཐུབ་ཀྱང་ནད་བྱུང་ཡོད་པ་ཤེས་མ་ཐག ལས་འཁྱུར་ངལ་གསོ་བྱེད་པའམ་གང་སར་སོང་ནས་སྨན་པར་སྟོན་པ་དང་སྨན་འཐུང་བ་སོགས་བྱས་ན་མཁལ་མའི་ནུས་པ་སྔར་ལས་ཇེ་ཐུར་འགྲོ་ངེས་པས། དེ་ལྟར་གཏན་ནས་བྱེད་མི་རུང་།

མཁལ་མའི་ནད་འབྱུང་བ་ཇི་ལྟར་སྔོན་འགོག་བྱེད་དགོས་ཞེ་ན།

ཆུ་མ་འོང་གོང་གི་རགས་ཅེས་པའི་དཔེ་ལྟར་ནད་མ་བྱུང་གོང་སྔོན་འགོག་བྱེད་པ་ནི་ཆེས་གལ་ཆེ་བས། ཚང་མས་བདེ་ཐང་ཤེས་བྱའི་སློབ་གསོར་ཉན་ནས་སྔ་མོ་ནས་སྔོན་འགོག་གང་ལེགས་བྱེད་དགོས།

ང་ཚོས་ཤེས་དགོས་པ་ཞིག་ནི། མཁལ་མས་བྱེད་ནུས་ཅི་ཞིག་ཐོན་བཞིན་ཡོད་པ་དེ་ཡིན། མཁལ་མ་ནི་དོན་སྣོད་གཙོ་བོ་ཞིག་ཡིན་ལ། དེ་མི་ལུས་ཀྱི་སྒལ་གཞུང་སྨད་ཀྱི་གཞོགས་གཉིས་སུ་ཡོད། མཁལ་མར་མཁལ་རིལ་ཆུང་བ་དང་མཁལ་སྦུག་བཅས་གཉིས་ཡོད། མཁལ་མའི་བྱེད་ལས་གཙོ་བོ་དེ་འདྲ་རྙོག་འཛིང་ཞིག་མིན་ཏེ། ང་ཚོས་མཁལ་མ་དེ་ཆུ་རྙོག་སྦུག་ལམ་ཞིག་ཏུ་དཔེར་བཞག་ནས། དེའི་ནང་གི་ཆུའི་གྲུབ་ཆ་ལྷག་མ་དང་དུག་རྒྱུ་གཙང་སེལ་བྱེད་དགོས། མཁལ་མའི་ནུས་པ་ནི་ཁྲག་རྒྱུན་ནང་གི་སྙིགས་མ་རྣམས་རྙིང་ཚབ་གསར་བྱེད་བྱེད་པ་དང་། ལུས་གཤེར་ལ་ཚོད་འཛིན་བྱེད་པ། ལུས་སྟེང་གི་ཆུ་དང་གློག་འབྱེད་རྫས་སྙོམ་སྒྲིག་བྱེད་པ། ཁྲག་ཤེད་སྙོམས་པ། ཕྲ་ཕུང་དམར་པོ་འཕེལ་བར་སྐུལ་འདེད་གཏོང་བ། བདེ་ཐང་གི་རུས་སྒྲོམ་སྲུང་འཛིན་བྱེད་པ་ཡིན།

མཁལ་མའི་ནད་སྔོན་འགོག་བྱེད་ན། ཐོག་མར་ང་ཚོས་མི་གང་དག་ལ་མཁལ་མའི་ནད་འབྱུང་སླ་བ་དེ་ཤེས་དགོས། གཅིན་སྙི་ཟ་ཁུའི་ནད་ཀྱིས་མཁལ་མར་གནོད་པ་གཏོང་སླ་ཞིང་། ཁྲག་ཤེད་མཐོ་བའི་ནད་དངཔྲོག་དབྱིབས་འཕར་རྩ་སྲ་འགྱུར་གྱི་ནད་བྱུང་ཡོད་པའི་ནད་པ་དེང་སྐབས་ཧ་ཅང་མང་བ་རེད། རྒན་པ་དང་ལུས་ཚོ་བའི་མི་ལའང་མཁལ་མའི་ནད་འབྱུང་སླ། གསོ་རིག་གི་བཙག་བཅོས་བྱེད་པའི་མིའི་ཁྱིམ་མིར་མཁལ་མའི་ནད་འབྱུང་ཚད་དེ་མི་གཞན་པ་ལས་ཧ་ཅང་མཐོ་བ་དང་ད་དུང་དུས་ཡུན་རིང་པོར་སྨན་སྣ་ཚོགས་འཐུང་བཞིན་པ་སྟེ། དཔེར་ན་གྲུམ་བུའི་ནད་བྱུང་ཡོད་པའི་ནད་པས་དུས་ཡུན་རིང་པོར་ན་ཟུག་འཇོམས་པའི་སྨན་འཐུང་ནའང་མཁལ་མར་གནོད་སྐྱོན་ཐེབས་སླ་བ་དེ་རང་རྒྱལ་ལམ་ཡང་ན་ནུབ་ཕྱོགས་རྒྱལ་ཁབ་ཚང་མས་ཤེས་ཡོད་པ་རེད། དེ་བས་གསོ་རིག་གི་བཙག་བཅོས་བྱེད་པའི་མིའི་ཁྱིམ་མི་དང་ཡང་ན་དུས་ཡུན་རིང་པོར་ན་ཟུག་འཇོམས་པའི་སྨན་འཐུང་བཞིན་པའི་མི་རྣམས་ཀྱིས་སྔ་མོ་ནས་རང་ཉིད་ལ་དལ་གཤིས་ཀྱི་མཁལ་མའི་ནད་བྱུང་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས།

དལ་གཤིས་ཀྱི་མཁལ་མའི་ནད་བྱུང་ཡོད་མེད་ཇི་ལྟར་ཤེས་དགོས་ཞེ་ན།

ཐོག་མར་ནད་དེ་འབྱུང་ཉེན་ཆེ་བའི་མི་རྣམས་ལ་ཞིབ་ཏུ་བརྟག་དཔྱད་ཚད་ལེན་བྱེད་དགོས། དེ་ལས་གཞན་ནད་པ་དེ་དག་ལ་འབྱུང་སྲིད་པའི་ནད་རྟགས་ལ་མཉམ་འཇོག་བྱེད་དགོས་ལ། འོན་ཀྱང་དལ་གཤིས་ཀྱི་མཁལ་མའི་ནད་བྱུང་ཡོད་པའི་ནད་པར་དམིགས་བསལ་གྱི་ནད་རྟགས་ཤིག་མེད་པར། ནད་རྟགས་དེ་དག་ནད་རིགས་གཞན་པའི་སྟེང་ནས་ མངོན་པ་ཞིག་ཡིན།  དེས་ན་དལ་གཤིས་ཀྱི་མཁལ་མའི་ནད་ལ་ནད་རྟགས་གང་དག་ཡོད་ཅེ་ན། བྱ་བ་སྒྲུབ་རྗེས་ཐང་ཆད་པའི་སྣང་བ་ཡོད་པ། ལུས་སྟོབས་ཞན་པ། བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པ། ཟ་མར་ཡི་ག་མེད་པ། དགོང་མོར་གཉིད་མི་ཁུག་པ། རྩ་འཁུམ་པ་བཅས་འབྱུང་ལ། དམིགས་བསལ་གྱི་ནད་རྟགས་ཞིག་ཡོད་པ་ནི། ནད་པའི་རྐང་བ་དང་མིག་ལྕིབས་སྐྲངས་པ་དང་སྐྱི་པགས་སྐམ་ཞིང་། དགོང་མོར་གཅིན་གཏོང་གྲངས་ཇེ་མང་དུ་འགྲོ་བ་བཅས་ཚང་མས་མཁལ་མར་གནད་དོན་ཡོད་པའི་ཉེན་བརྡ་གཏོང་བཞིན་ཡོད་པ་རེད། གཅིན་གཏོང་སྐབས་རྒྱུན་པར་ཝུ་བ་ཡོད་པ་དེ་མཁལ་མར་ནད་ཡོད་པའི་རྟགས་མིན་དེ་སྤྲི་དཀར་དྲི་ཆུ་དེའང་ནམ་ཡང་ཧ་ཅང་ཆུང་བའི་ཝུ་བ་དག་དག་ཡིན་པ་རེད། གཅིན་བཏང་རྗེས་གཅིན་པའི་ནང་གི་ཝུ་བ་དེ་དུས་ཡུན་རིང་པོར་མི་ཡལ་བ་དེ་དྲི་ཆུའི་ནང་དུ་སྒོང་སྤྲི་ཡོད་པ་དང་མཁལ་མར་གནོད་པ་ཅུང་ཐེབས་ཡོད་པའི་རྟགས་རེད། དེ་བས་སྨན་པ་དང་ནད་པ་སུ་ཡིན་རུང་ནད་རྟགས་དེ་དག་ཡོད་མེད་ལ་མཉམ་འཇོག་དགོས་པ་དང་། ལྷག་པར་དུ་དལ་གཤིས་ཀྱི་མཁལ་མའི་ནད་འབྱུང་ཉེན་ཆེ་བའི་མིས་དེ་ལ་དོ་སྣང་ཆེན་པོ་བྱེད་དགོས།

རང་ཉིད་ཀྱི་མཁལ་མར་གནོད་པ་ཐེབས་ཡོད་མེད་ཇི་ལྟར་ཤེས་དགོས་ཞེ་ན། གཅིག་ནས་གོང་དུ་བཤད་པའི་ནད་ཐོག་ནད་རྟགས་ལ་བལྟ་བ་དང་གཉིས་ནས་གཅིན་ལ་བརྟག་པ། གཅིན་ལ་བརྟག་ན་གཅིན་པའི་ནང་དུ་ཁྲག་འདྲེས་པ་དང་སྤྲི་དཀར་ཡོད་པའམ་ཡང་ན་རྟགས་ཅི་ཡང་ཡོད་མི་སྲིད། གསུམ་ནས་ཁྲག་རྒྱུན་འཁོར་སྐྱོད་རྒྱུན་ལྡན་ཡིན་མིན་དང་མཁལ་མའི་ནུས་པར་ཞིབ་བཤེར་བྱེད་དགོས། གཅིན་ནང་དུ་རྒྱུན་ལྡན་མིན་པའི་སྣང་ཚུལ་ཅི་ཡང་མེད་ནའང་ཁྲག་རྒྱུན་གྱི་ཤ་ཀན་ཇེ་མཐོར་གྱུར་ཡོད་ན་དེའང་མཁལ་མའི་བྱེད་ལས་ལ་གནོད་པ་ཐེབས་པའི་རྟགས་ཡིན། དེ་མིན་མཁལ་མར་ཚད་བརྒལ་སྒྲ་རླབས་ལས་བརྟག་དཔྱད་བྱས་ནའང་ཆོག དེ་བས་མཁལ་མའི་ནད་བྱུང་ཡོད་མེད་ལ་བལྟ་བ་དེ་ཧ་ཅང་སྟབས་བདེ་ཞིག་ཡིན། གཅིན་དང་ཁྲག་ལ་བལྟ་བ་དང་མཁལ་མའི་ནུས་པར་ཞིབ་བཤེར་བྱེད་པ་དང་། མཁལ་མར་ཚད་བརྒལ་སྒྲ་རླབས་ཀྱིས་བརྟག་དཔྱད་བྱེད་པ་སོགས་ཚང་མས་མཁལ་མའི་ནད་ལ་ཞིབ་བཤེར་བཟང་པོ་བྱེད་ཐུབ། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང་གིས་འདོན་སྤྲོད་བྱས་པ་ཡིན། 》

ཡིག་སྒྱུར་བ། འབྲུག་མོ།