ཆམ་རིམས་དང་རིང་དུ་གྱེས་ཐབས།
2023.12.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གཅིག ཆམ་རིམས་ཀྱི་འགོག་སྨན་རྒྱག་པ།

ཆམ་རིམས་ཀྱི་འགོག་སྨན་རྒྱག་པ་ནི་ཆམ་རིམས་འགོག་པའི་ཐབས་ཤེས་གཙོ་བོ་དེ་ཡིན་ལ། དེས་ཆམ་རིམས་ཀྱི་འགོས་ཚད་མངོན་གསལ་གྱིས་ཇེ་ཉུང་དུ་གཏོང་ཐུབ་པར་མ་ཟད། ཆམ་རིམས་འགོས་རྗེས་ཀྱི་ནད་རྟགས་ཀྱང་སྙོམས་ཐུབ་པས། ཆམ་རིམས་ནད་དུག་འགོས་པའི་ཉེན་ཁ་དང་བླ་གཉན་གྱི་ནད་བསྡོངས་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། 《ཀྲུང་གོའི་ཆམ་རིམས་འགོག་སྨན་རྒྱག་པའི་ལག་རྩལ་ཕྱོགས་སྟོན》དུ་གསལ་བ་ལྟར་ན། བྱིས་པ་ཟླ་དྲུག་ནས་ལོ་ལྔ་དང་། རྒན་པ་ལོ་དྲུག་ཅུ་དང་དེའི་ཡན། དལ་གཤིས་ནད་ཀྱི་ནད་པ། སྨན་བཅོས་མི་སྣ། ཟླ་དྲུག་མན་གྱི་བྱིས་པའི་ཁྱིམ་མི་དང་ལྟ་སྐྱོང་མཁན། དེ་མིན་སྦྲུམ་མ་དང་ཡང་ན་ཆམ་རིམས་མཆེད་པའི་དུས་སུ་མངལ་ཆགས་པར་གྲ་སྒྲིག་བྱེད་ཀྱིན་པའི་བུད་མེད་བཅས་ནི་ཆམ་རིམས་འགོག་སྨན་རྒྱག་པའི་དམིགས་ཡུལ་གཙོ་བོར་འཛིན་དགོས་པར་བསྟན་ཡོད།

ལོ་རེའི་འགོག་སྨན་ནི་རིམས་ནད་རིག་པའི་གཞི་གྲངས་ཁྲོད་ཀྱི་ནད་དུག་སྡོང་པོའི་འགྱུར་ལྡོག་དང་བསྟུན་ནས་གསར་བསྒྱུར་བྱེད་པ་ཡིན། འགོག་སྨན་བསྟེན་མཁན་ལ་སྲུང་སྐྱོབ་ལེགས་པོ་ཐོབ་པའི་ཆེད་དུ། སྔོན་མའི་དུས་ཚིགས་ལ་འགོག་སྨན་བརྒྱབ་ཡོད་མེད་ཅི་ཡིན་རུང་། ལོ་དེའི་ཆམ་རིམས་མཆེད་པའི་དུས་ཚིགས་བསླེབ་ལ་ཉེ་སྐབས་སྔར་བཞིན་ཆམ་རིམས་འགོག་སྨན་རྒྱག་དགོས།

གཉིས། མི་སྒེར་གྱི་གཙང་སྦྲའི་གོམས་གཤིས་ཡག་པོ་དམ་འཛིན་བྱེད་དགོས།

མི་སྒེར་གྱི་གཙང་སྦྲའི་གོམས་གཤིས་ཡག་པོ་འཛིན་པ་ནི་ཆམ་རིམས་སོགས་དབུགས་ལམ་གྱི་འགོས་ནད་འགོག་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན། དེ་ལ་བྱེ་བྲག་གི་བསྟེན་ཐབས་གང་དག་ཡོད་དམ་ཞེ་ན། འདག་ཆལ་དང་ཆུ་དྲོ་འཇམ་གྱིས་ལག་པ་བཀྲུ་བ་དང་། ནང་སྒོས་སུ་ཁ་སྣ་མིག་གསུམ་ལ་རེག་རྗེས་བཀྲུ་དགོས། ནུས་ཚོད་ཀྱིས་མི་ཚོགས་འདུ་སར་མི་འགྲོ་བ་དང་། དབུགས་ལམ་འགོས་ནད་ཡོད་པའི་ནད་པ་དང་རིང་དུ་འབྲལ་བ། དབུགས་ལམ་གྱི་གཙང་སྦྲའི་གོམས་གཤིས་ཡག་པོ་འཛིན་པ་སྟེ། གློ་ལུ་བ་དང་སྣ་སྦྲིད་རྒྱག་པའི་སྐབས་སུ། གཙང་ཤོག་དང་ལག་ཕྱིས་སོགས་ཀྱིས་ཁ་སྣ་གཅོད་པ། དུས་ངེས་གཏན་དུ་རྒྱུན་སྤྱོད་ཡོ་ཆས་ལ་གཙང་སྦྲ་དང་དུག་སེལ་བྱེད་པ། ཁོར་ཡུག་གཙང་མ་བཟོ་བ་དང་རླུང་རྒྱུ་བར་བྱེད་པ་སོགས་ཡོད་དོ། །

གསུམ། བདེ་ཐང་གི་འཚོ་སྟངས་རོལ་སྟངས་རྒྱུན་འཁྱོངས་བྱེད་པ།

བདེ་ཐང་གི་འཚོ་བ་རོལ་སྟངས་ཤིག་རྒྱུན་འཁྱོངས་བྱས་ན་རིམས་ཐར་མ་ལག་གི་ནུས་པ་དང་རིམས་འགོག་ནུས་པ་ཇེ་མཐོར་འགྲོ་བར་ཕན། དེ་ལ་གང་དག་ཡོད་དམ་ཞེ་ན། བཟའ་བཏུང་སྙོམས་སྒྲིག་ཡོང་བར་བྱེད་པ་དང་། ཚི་སྣའི་རྒྱུ་དང་གཏེར་རྫས་འདང་ཚོད་བསྟེན་པ། ལུས་རྩལ་སྦྱོང་བརྡར་འོས་འཚམ་དུ་བསྟེན་ན་རིམས་ཐར་ནུས་པ་ཇེ་མཐོར་འགྲོ་བར་ཕན། གཉིད་ཀྱིས་འདང་ན་རིམས་ཐར་མ་ལག་གི་བྱེད་ནུས་རྒྱུན་ལྡན་ཡོང་བར་ཤིན་ཏུ་ཕན་པ་བཅས་སོ། །

སྨན་རྫས་ཀྱི་སྔོན་འགོག་གིས་འགོག་སྨན་རྒྱག་པའི་ཚབ་བྱེད་མི་རུང་སྟེ། དེ་ནི་འགོག་སྨན་མ་བརྒྱབ་པའམ་འགོག་སྨན་བརྒྱབ་ཀྱང་རིམས་ཐར་ནུས་པ་མ་ཆགས་པའི་ཆམ་རིམས་ཀྱི་ནད་པ་ལྕི་མོའི་འཕྲལ་བསྟུན་ཉེན་འགོག་གི་ཐབས་ཙམ་ཡིན། དེ་ལ་ཨོ་སི་ཐ་ཝེ་དང་ཀྲ་ན་སྨི་ཝེ་སོགས་སྨན་རྫས་དུ་མ་ཡོད་པ་ལ། རབ་ཡིན་ན་ཆམ་རིམས་ནད་དུག་འགོས་རྗེས་ཀྱི་དུས་ཚོད་ཞེ་བརྒྱད་ནང་དུ་བསྟེན་ན་ལེགས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

རྩོམ་སྒྲིག་པ། འབྲུག་མོ།