ལོ་ཆུང་བྱིས་པའི་འཚོ་བཅུད་སྐོར་གྱི་ཕྱོགས་སྟོན།
2024.01.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 27

ཉེ་བའི་ལོ་འདི་འགའི་བརྟག་དཔྱད་ཞིབ་འཇུག་མང་པོ་ལས་མངོན་པ་ལྟར་ན། རང་རྒྱལ་གྲོང་ཁྱེར་གྱི་སློབ་ལོ་རན་པའི་ལོ་ཆུང་བྱིས་པའི་ལུས་ཚོ་བ་དང་དབུལ་ཕོངས་ས་ཁུལ་གྱི་ལོ་ཆུང་བྱིས་པའི་འཚོ་བཅུད་མི་འདང་བ་གཉིས་གནད་དོན་གཙོ་བོར་གྱུར་ཡོད། «སློབ་མའི་འཚོ་བཅུད་ཕྱོགས་སྟོན»གྱི་ནང་སློབ་གྲྭའི་ཟ་ཁང་དང་ཟས་རིགས་མཁོ་སྤྲོད་སྡེ་ཁག་གིས་ཚན་རིག་ལུགས་མཐུན་དང་འཚོ་བཅུད་དོ་མཉམ་པའི་སློབ་མའི་ཟས་རིགས་འདོན་སྤྲོད་བྱེད་པར་གྲོས་གཞི་བཏོན་པ་དེ་ནི། སློབ་མའི་བདེ་ཐང་ཁག་ཐེག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད།

ཟས་སྣ་མང་པོས་ལོ་ཆུང་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་མཁོ་བའི་འཚོ་རྒྱུ་སྣ་ཚོགས་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་ཐུབ། «ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཅའི་བསྟེན་ཐབས»གྱི་ནང་ཟས་རིགས་ཀྱི་སྣ་མང་ཞིང་རགས་ཞིབ་མཉམ་སྡེབ་དང་། སྔོ་ཚོད་དང་སིལ་ཏོག ཞོག་ཁོག་བཅས་མང་པོ་ཟ་བ་དང་། དེ་མིན་ཉིན་རེར་འོ་མ་དང་སྲན་ཆེན། ཡང་ན་དེ་དག་གིས་ལས་སྣོན་བྱས་པའི་ཟས་རིགས་ཟ་བ་མ་ཟད། ད་རུང་ཉ་ཤ་དང་བྱ་ཤ། སྒོ་ང་། ཤ་གནག་བཅས་འོས་འཚམ་སྒོས་ཟ་དགོས་པ་བསྟན་ཡོད།

འཚོ་རྒྱུ་སྣ་ཚོགས་ནི་ལུས་པོ་འཚར་ལོངས་འབྱུང་བར་མཁོ་བའི་རྨང་གཞི་ཡིན་ལ། བྱིས་པ་འཚར་ལོངས་འབྱུང་ཚད་ཆེས་མགྱོགས་པས། དུས་སྐབས་འདིར་འཚོ་རྒྱུ་སྣ་ཚོགས་ཆེས་མཁོ་བ་རེད། འོ་མའི་རིགས་ནི་ཀལ་གྱི་འབྱུང་ཁུངས་གཙོ་བོ་ཡིན་ལ། འོ་མའི་ནང་ཀལ་མང་པོ་འདུས་པས། རུས་པ་དང་སོ་ཡི་འཚར་སྐྱེ་ལ་ཕན་ནུས་ཆེན་པོ་ལྡན་ཞིང་། ལོ་དྲུག་ནས་ལོ་བཅུ་བདུན་བར་གྱི་ལོ་ཆུང་བྱིས་པའི་ལུས་པོ་འཚར་སྐྱེ་འབྱུང་བར་རྨང་གཞི་ལེགས་པོ་འདིང་ཐུབ། «ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཅའི་བསྟེན་ཐབས»ཀྱི་ནང་མི་རེས་ཉིན་རེར་འོ་མ་ཁེ་སུམ་བརྒྱ་འཐུང་དགོས་པའི་གྲོས་གཞི་བཏོན་ཡོད།

ལོ་ཆུང་བྱིས་པའི་ལུས་པོ་འཚར་སྐྱེ་འབྱུང་བའི་སྐབས་སུ། ལྕགས་རྒྱུ་མི་འདང་བའི་རང་བཞིན་གྱི་ཟུངས་ཁྲག་ཞན་པའི་ནད་འབྱུང་ཚད་ཅུང་མཐོ་བས། ནད་དེ་སྔོན་འགོག་བྱེད་ཆེད། སློབ་གྲྭ་དང་ཁྱིམ་བདག་གིས་རྒྱུན་པར་སློབ་མར་ལྕགས་རྒྱུ་ཕུན་སུམ་ཚོགས་པའི་ཟས་རིགས་མཁོ་འདོན་བྱེད་དགོས། ཞིབ་འཇུག་ལས་མངོན་པ་ལྟར་ན། འཚོ་རྒྱུ་བེ་ཧྲིན་སུའུ་ཡིས་བཟའ་བཅའི་ཁྲོད་ཀྱི་ལྕགས་རྒྱུ་བསྡུ་ལེན་བྱས་ཚད་ཇེ་མཐོར་གཏོང་ཐུབ་པར་མ་ཟད། ཚད་ངེས་ཅན་ཞིག་གི་སྟེང་ནས་ལུས་པོར་མཁོ་བའི་ལྕགས་རྒྱུའི་འཚོ་བཅུད་ཁ་གསབ་ལེགས་པོ་བྱེད་ཐུབ། དེར་བརྟེན། ཉིན་རེར་སློབ་མར་སྔོ་ཚོད་དང་སིལ་ཏོག་གསར་བ་འོས་འཚམ་སྒོས་མཁོ་འདོན་བྱས་ནས། འཚོ་རྒྱུ་བེ་ཧྲིན་སུའུ་འདང་ཚིམ་པ་ཁག་ཐེག་བྱེད་དགོས།

ལྷག་པར་དུ་ལོ་ཆུང་བྱིས་པས་ཉིན་རེར་ཉུང་མཐར་ཡང་སྔོ་ཚོད་གསར་བ་སྣ་ཁ་གསུམ་ཡན་ཟ་དགོས་པ་མ་ཟད། ད་རུང་སིལ་ཏོག་གསར་བ་སྣ་ཁ་གཅིག་རེ་ཟ་དགོས།

གཞན་ཡང་། འཚོ་རྒྱུ་བེ་ཧྲིན་སུའུAཡང་རང་རྒྱལ་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཆེས་མི་འདང་བའི་འཚོ་རྒྱུ་ཡིན་པ་དང་། ཉིན་རྒྱུན་གྱི་བཟའ་བཅའི་ཁྲོད། སློབ་མ་རྣམས་ལ་རྒྱུན་པར་འཚོ་རྒྱུ་བེ་ཧྲིན་སུའུAཕུན་སུམ་ཚོགས་པའི་ཟས་རིགས་དང་ཡང་ན་ལ་སེར་རྒྱུ་འདུས་པའི་ཟས་རིགས་འདོན་སྤྲོད་བྱེད་དགོས་སྟེ། དཔེར་ན་སྲོག་ཆགས་ཀྱི་མཆིན་པ་དང་སྒོ་ང་། དེ་མིན་སྔོ་ཚོད་དང་སིལ་ཏོག་སོགས་ལྟ་བུ་རེད།

རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་ལས་མངོན་པ་ལྟར་ན། འཚོ་བཅུད་ལྡན་པའི་ཁ་ཟས་གཙོ་བོ་ནི་མི་རྣམས་ལ་ཚད་ཉུང་བཅུད་རྫས་མི་འདང་བ་ཁ་གསབ་བྱེད་པའི་གྲུབ་ཆ་གཙོ་བོ་ཡིན་པས། དབུལ་ཕོངས་ས་ཁུལ་ཁ་ཤས་སུ་སློབ་མའི་འཚར་སྐྱེ་ལ་མཁོ་བའི་ཟས་རིགས་ཀྱི་དགོས་མཁོ་སྐོང་མི་ཐུབ་ཚེ། ཚད་ཉུང་བཅུད་རྫས་བསྟེན་ནས་ཟས་རིགས་ཀྱི་འཚོ་བཅུད་ཁ་གསབ་བྱེད་དགོས་སྟེ། དཔེར་ན་ཕྱེ་དང་འབྲས་སོགས་ལྟ་བུ་རེད།

«ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཅའི་བསྟེན་ཐབས»ཀྱི་ནང་། ཚོད་མ་བརྔོ་སྐབས་སྣུམ་ཉུང་ཉུང་བཀོལ་བ་དང་། ཟས་རིགས་ཀྱི་ནང་ཚྭ་ཉུང་ཉུང་འདེབས་དགོས་པ་བསྟན་ཡོད། ཀྲུང་གོའི་འཚོ་བཅུད་སློབ་ཚོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་ན། ཉིན་རེར་ཚོད་མ་བརྔོ་སྐབས་སྣུམ་བཀོལ་ཚད་ཁེ་སུམ་ཅུ་ལས་བརྒལ་མི་རུང་། རང་རྒྱལ་སྡོད་དམངས་ཀྱི་ཟས་རིགས་ཁྲོད་ཀྱི་སྣུམ་ཞག་མང་ཆེ་བ་ནི་ཤའི་རིགས་དང་སྲན་མའི་རིགས། ཤིང་འབྲས། གཡིས་སོགས་ལས་ཐོན་པ་ཡིན་ཞིང་། ལུས་པོར་མཁོ་བའི་ནཱ་དེ་གཙོ་བོ་ཟས་རིགས་དང་འཐུང་ཆུ་ལས་ཐོན་པ་དང་། ཚྭ་དང་ཟས་རིགས་བསྙལ་མ། ཤ། སྔོ་ཚོད་བཅས་ལས་ཀྱང་ནཱ་ཅུང་མང་པོ་ཐོན་པ་ཡིན། རྒྱུན་ལྡན་གྱི་མི་དར་མར་ཉིན་རེར་ནཱ་ཧོ་ཁི་ཉིས་སྟོང་ཉིས་བརྒྱ་རེ་མཁོ་བ་ཡིན་པས། རྒྱུན་ལྡན་གྱི་ཟས་རིགས་ཁྲོད་ནས་ནཱ་ཧོ་ཁི་ཆིག་སྟོང་ཙམ་བསྡུ་ལེན་བྱེད་པ་དང་། ལྷག་མའི་ནཱ་ཧོ་ཁི་ཆིག་སྟོང་ཉིས་བརྒྱ་ཙམ་ནི་ཚྭ་ཡི་ཁྲོད་ནས་བསྡུ་ལེན་བྱེད་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། བདེ་ཐང་གི་མི་དར་མའི་ཉིན་རེར་ཚྭ་ཟ་ཚད་ནི་ཁེ་ལྔ་ཡིན།

«ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཅའི་བསྟེན་ཐབས»ཀྱི་ནང་ཞོགས་པའི་དུས་ཚོད་དྲུག་དང་ཕྱེད་ཀ་ནས་དུས་ཚོད་བརྒྱད་དང་ཕྱེད་ཀའི་བར་ཞོགས་ཟས་ཟ་བ་དང་། དུས་ཚོད་བཅུ་གཅིག་དང་ཕྱེད་ཀ་ནས་དུས་ཚོད་གཅིག་དང་ཕྱེད་ཀའི་བར་གུང་ཟས་ཟ་བ། ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀ་ནས་དུས་ཚོད་བདུན་དང་ཕྱེད་ཀའི་བར་དགུང་ཟས་ཟ་བ་བཅས་ཉིན་རེའི་ཟས་ཐུན་གསུམ་གྱི་དུས་ཚོད་གཏན་འཁེལ་བྱས་ཡོད་པས། ཟས་ཐུན་གསུམ་དུས་ཚོད་ལྟར་བསྟེན་ན་བདེ་ཐང་ལ་ཆེས་ཕན་པ་རེད།

རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། སློབ་མའི་འཚོ་བཅུད་ཐད་ལེགས་བཅོས་ཆེན་པོ་བྱུང་སྟེ། སློབ་མའི་གཟུགས་ཀྱི་མཐོ་ཚད་དང་ལུས་ཀྱི་ལྗིད་ཚད་ཇེ་མཐོ་ཡིན་པ་དང་ཟུངས་ཁྲག་ཞན་པའི་སྣང་ཚུལ་མེད་པ་རེད། ཡིན་ནའང་། རང་བྱུང་ཁོར་ཡུག་གི་ཁྱད་པར་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དོ་མཉམ་མིན་པའི་དབང་གིས། སློབ་མར་འཚོ་བཅུད་མི་འདང་བའི་གནད་དོན་ཅུང་འབུར་ཐོན་རེད། ཕྱོགས་གཅིག་ནས་འཚོ་བཅུད་མི་འདང་བ་དེ་རྩ་བ་ནས་ཐག་གཅོད་བྱས་མེད་པས། ཞིང་སྡེའི་སློབ་མའི་གཟུགས་ཀྱི་མཐོ་ཚད་དང་ལུས་ཀྱི་ལྗིད་ཚད་དམའ་བ་དང་། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་ཕོངས་ཞིང་སྡེའི་སློབ་མར་འཚོ་བཅུད་མི་འདང་བ་ལས་བྱུང་བའི་ལྟོགས་སྣང་གི་གནད་དོན་གནས་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་སློབ་མའི་ལུས་ཀྱི་ལྗིད་ཚད་མཐོ་དྲག་པ་དང་ལུས་ཚོ་བའི་སྣང་ཚུལ་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། སྣང་ཚུལ་འདི་གྲོང་ཁྱེར་དུ་དེ་བས་ཀྱང་ཚབས་ཆེ། 2002ལོ་ནས2010ལོའི་བར། གྲོང་ཁྱེར་གྱི་ལོ་དྲུག་ནས་ལོ་བཅུ་བདུན་བར་གྱི་ལོ་ཆུང་བྱིས་པའི་ཁྲོད། སློབ་མ་ཕོ་ཡི་ལུས་ཀྱི་ལྗིད་ཚད་ཚད་ལས་བརྒལ་ཚད་དེ་བརྒྱ་ཆའི་བཅུ་ལྷག་ནས་བརྒྱ་ཆའི་བཅུ་གཉིས་ལྷག་ཏུ་འཕར་བ་དང་། ལུས་ལ་ཚོ་བུད་ཚད་དེ་བརྒྱ་ཆའི་ལྔ་ལྷག་ནས་བརྒྱ་ཆའི་དགུ་ལྷག་ཏུ་འཕར། སློབ་མ་སྐྱེས་མའི་ལུས་ཀྱི་ལྗིད་ཚད་ཚད་ལས་བརྒལ་ཚད་དེ་བརྒྱ་ཆའི་དྲུག་ལྷག་ནས་བརྒྱ་ཆའི་དགུར་འཕར་བ་དང་། ལུས་ལ་ཚོ་བུད་ཚད་བརྒྱ་ཆའི་གསུམ་ལྷག་ནས་བརྒྱ་ཆའི་ལྔ་ལྷག་ཏུ་འཕར་ཡོད་པ་རེད།

གཞན་ཡང་། རང་རྒྱལ་གྱི་ས་གནས་སོ་སོའི་བཟའ་བཅའི་བསྟེན་ཐབས་ལ་ཁྱད་པར་ཆེན་པོ་ཡོད་པས། སློབ་མའི་བཟའ་བཅའ་མཁོ་སྤྲོད་བྱེད་པ་དེ་ཡང་ས་གནས་ཀྱི་དཔལ་འབྱོར་ཆུ་ཚད་དང་བཟའ་བཏུང་གོམས་སྲོལ་དང་ཟུང་འབྲེལ་བྱེད་དགོས་པའི་དུས་མཚུངས་སུ། སློབ་མའི་ཁྲོད་གནས་པའི་འཚོ་བཅུད་གཙོ་བོའི་གནད་དོན་ལ་བསམ་གཞིགས་གཏོང་དགོས་པར་མ་ཟད། སློབ་མར་ཚན་རིག་དང་མཐུན་པའི་སྒོ་ནས་ཟས་རིགས་གདམ་གསེས་བྱེད་པར་མཛུབ་སྟོན་བྱེད་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།