མཚམས་མེད་དུ་གློ་ལུ་བའི་ཚེ་ན་སྨན་སྣ་བཞི་ལ་འཛེམ་དགོས།
2024.01.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ནམ་ཟླ་འཁྱག་པའི་དུས་སུ། ཆམ་པ་བྱུང་བའི་མི་ཡང་ཇེ་མང་དུ་འགྲོ་བཞིན་འདུག ནད་པ་མང་པོར་ཆམ་པ་བྱུང་རྗེས་དྲག་དཀའ་བར་མ་ཟད། ནམ་ཟླ་འཁྱག་པའི་དུས་ལ་ཡང་དང་བསྐྱར་དུ་འཕར་བའི་གནས་ཚུལ་འབྱུང་། གནས་ཚུལ་དེ་ནི་སྨན་བསྟེན་ཉེས་བྱས་པ་ལས་བྱུང་བ་ཡིན་སྲིད།

ཚ་གྲང་མི་འབྱེད་པར་སྨན་གང་འདོད་དུ་བསྟེན་པ།

ཀྲུང་སྨན་གྱིས་ཆམ་པ་བཅོ་བ་ལ་གཙོ་བོ་རྔུལ་འདོན་པ་ཡིན། ནང་སྒོས་སུ་དགུན་ཁའི་ཆམ་པ་ལ། གྲང་བས་བསྐྱེད་པ་ཕལ་ཆེ་བས་རྔུལ་བཏོན་ནས་གྲང་བ་གཞོམ་དགོས། ཡིན་ནའང་། ཚོང་རའི་ནང་གི་ཀྲུང་ལུགས་ཆམ་སྨན་ཕལ་ཆེ་བའི་ངོ་བོ་བསིལ་བ་ཡིན་ལ། ནུས་པ་ནི་ཚ་དུག་འཇོམས་པ་ཡིན། བསིལ་སྨན་བསྟེན་ཆེ་ན་གྲང་བ་ཁོང་དུ་ཟུག་སྟེ་འདོན་དཀའ་ལ། གྲེ་བར་ཟ་འཕྲུག་ལངས་པ་དང་གློ་ལུ་མཚམས་མི་འཇོག་པ། སྣ་འགག་པ་དང་སྣབས་ཆུ་བཞུར་བ་སོགས་ཀྱི་ནད་རྟགས་ཀྱང་ཇེ་ལྕིར་འགྲོ་བ་ཡིན།

གྲང་བའི་རྐྱེན་གྱིས་གློ་ལུ་རྒྱག་པའི་ནད་པ་ཁག་ཅིག་གིས་གློ་ལུ་བ་ན། ལམ་སང་ཚ་འཇོམས་ལུ་གཅོད་ཀྱི་སྨན་འགའ་ཞིག་བསྟེན་རྐྱང་བྱེད་པ་ཡིན་མོད། དེས་ཕན་མི་ཐོགས། དོན་གྱིས་གྲང་བས་བསྐྱེད་པའི་ཆམ་པ་ལ་ངེས་པར་རྔུལ་བཏོན་ནས་གྲང་བ་གཞོམ་དགོས་པ་དང་། གློ་གསོས་ནས་ལུ་བ་གཅོད་དགོས། དེ་ལ་འཕྲོད་པའི་སྨན་ལ་ཚ་འཇོམས་རིལ་བུ་དང་ལུ་གཅོད་རིལ་བུ། གྲང་ལུ་རིལ་བུ་སོགས་ཀྲུང་སྨན་ཤིན་ཏུ་མང་། དེ་འདྲའི་སྨན་བསྟེན་ཉེས་འབྱུང་བའི་རྒྱུ་མཚན་གཙོ་བོ་ནི་ཀྲུང་སྨན་གཞུང་ལུགས་ཀྱི་རྒྱུན་ཤེས་ཡང་དག་པ་ཞིག་མེད་པས་ལན་པ་རེད།

རྔུལ་སྡུད་ལུ་གཅོད་ཀྱི་སྨན་བསྟེན་སྔ་བ།

ནད་པ་ཁག་ཅིག་གིས་གློ་ལུ་བའི་ནད་རྟགས་ཞི་བར་བྱེད་ཆེད། སྔ་མོ་ནས་རྔུལ་སྡུད་ལུ་གཅོད་ཀྱི་སྨན་བསྟེན་པ་ཡིན། དཔེར་ན་ཤིང་མངར་རིལ་ལེབ་ཁ་ཚར་ཅན་དང་ཞུ་མཁན་ལུ་གཅོད་རིལ་བུ་སོགས་ལྟ་བུ། དོན་གྱིས་ཤིང་མངར་རིལ་ལེབ་དང་ཞུ་མཁན་ལུ་གཅོད་རིལ་བུའི་ནང་དུ་རྔུལ་སྡུད་དྲོད་བསྐྱེད་ཀྱི་ནུས་པ་ལྡན་པའི་སྨན་རྫས་འདུ་བ་ཡིན།

ཀྲུང་སྨན་གྱིས་ཕྱིའི་གྲང་བས་རྐྱེན་བྱས་ཚེ་གྲང་འདོན་གྱི་སྨན་བསྟེན་དགོས་པར་འདོད། སྔ་མོ་ནས་རྔུལ་སྡུད་དྲོད་བསྐྱེད་ཀྱི་སྨན་བསྟེན་ཚེ་དགྲ་བོ་ནང་བཅུག་གི་དཔེ་ལྟར་གྱུར་ཏེ། གྲང་བ་འདོན་དཀའ་བ་ཡིན་ལ། གློ་ལུ་བའང་མྱུར་དུ་དྲག་དཀའ་བ་ཡིན། གཞན་དུ་ཁྱིམ་བདག་རྣམས་ཀྱིས་ངེས་པར་ཤེས་དགོས་པ་ཞིག་ལ། ཞུ་མཁན་ལུ་གཅོད་རིལ་བུ་སོགས་ཀྱི་གསལ་བཤད་ཡི་གེའི་ནང་དུ་བྱིས་པས་བསྟེན་མི་རུང་བ་གསལ་པོར་བརྗོད་ཡོད་པ་དེ་རེད།

གློ་ལུ་དྲག་འཇོམས་ཀྱི་སྨན་སྣ་གང་འདོད་དུ་བསྟེན་པ།

ཤིང་མངར་རིལ་ལེབ་ཁ་ཚར་དང་ཞུ་མཁན་ལུ་གཅོད་རིལ་བུ་སོགས་དབང་རྩར་ནུས་པ་ཐེབས་པའི་སྨན་དག་ལུ་གཅོད་ཀྱི་སྨན་དུ་གཏོགས་པར་མ་ཟད། ནུབ་སྨན་ནང་གི་ལིན་སྐྱུར་ཁོ་ཏེ་དབྱིན་དང་ཧྥོར་ཁོ་ཏེན། ཡིག་མེ་ཧྲ་ཧྥིན་སོགས་ཀྱང་གློ་ལུ་དྲག་འཇོམས་ཀྱི་སྨན་དུ་གཏོགས་པ་ཡིན།

དོན་གྱིས་གློ་ལུ་བ་ནི་མ་གཞི་ལུས་པོའི་རང་སྲུང་གི་རྟགས་ཤིག་ཡིན་པས། གློ་བ་དང་གློ་སྦུག་གི་གཉན་ཚད་ལས་བྱུང་བའི་གཤེར་ཟེགས་དང་ལུད་པ་ཕྱིར་འདོན་ཆེད་ཡིན། གལ་ཏེ་རང་དགར་ལུ་གཅོད་ཀྱི་སྨན་བསྟེན་ཚེ་གནས་སྐབས་སུ་ལུ་མཚམས་བཅད་པ་ལྟར་སྣང་སྲིད་ཀྱང་། གཤེར་ཟེགས་དང་ལུད་པ་འདོར་མ་ཐུབ་ཚེ་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་ཡིན། དེ་བས་ཆམ་པའི་རྗེས་སུ་གློ་ལུ་བ་བྱུང་ན་གློ་ལུ་དྲག་འཇོམས་ཀྱི་སྨན་གང་དགར་བསྟེན་མི་རུང་།

སྨན་ཁབ་རྒྱག་དྲགས་ན་གྲང་བ་ཇེ་ཆེར་འགྲོ་བ་ཡིན།

ནད་པ་ལ་ལས་སྨན་ཁབ་བརྒྱབ་ན་དྲག་བསྐྱེད་འབྱུང་སླ་བར་འདོད་པས། ནད་རྟགས་ལྕི་དུས་སྨན་ཁབ་རྒྱག་པར་བྱེད། རྩ་ལམ་ལ་སྲིན་འགོག་རྒྱུའི་སྨན་ཁབ་བརྒྱབ་ན་ཕྲ་སྲིན་རང་བཞིན་གྱི་འགོས་ནད་ལ་ཕན་པ་ཆེ་ཡང་། གློ་ལུ་བ་དང་ལུད་པ་རྣག་ལྟར་བྱུང་ན་ཡང་སྲིན་འགོག་རྒྱུ་འཕྲོད་པ་ཡིན། འོན་ཀྱང་། ཆམ་པ་མང་ཤས་ནི་ནད་དུག་གིས་འགོས་པ་ཡིན་པས། གལ་ཏེ་ཚ་མཐོན་པོ་མ་བྱུང་ན་རྩ་ལམ་ལ་སྲིན་འགོག་རྒྱུའི་སྨན་ཁབ་རྒྱག་པ་ནི་མི་རུང་ངོ་། །

ཆམ་པ་ནི་མ་གཞི་གྲང་བས་བསྐྱེད་པ་ཡིན་ལ། གལ་ཏེ་དང་པོ་ནས་སྨན་ཁབ་མང་པོ་བརྒྱབ་ན། གྲང་བ་ཇེ་ལྕིར་འགྲོ་ལ། ཆམ་པའང་དྲག་དཀའ་བ་ཡིན། ནད་པ་ལ་ཤས་ལ་སྨན་ཁབ་མང་པོ་བརྒྱབ་ཚེ་ལྕེ་ལ་དྲེག་པ་མཐུག་པོ་སོ་རྗེས་ཐོན་པ་ཙམ་འབྱུང་ལ། དེ་ནི་གྲང་བས་བསྐྱེད་པ་ཡིན།

མདོར་ན་ཆམ་པ་བྱུང་རྗེས་གློ་ལུ་བ་མཚམས་མ་ཆོད་པ་ཡིན་ན། ངེས་པར་སྨན་པར་བསྟེན་དགོས་པ་ལས་རང་འདོད་དུ་སྨན་བསྟེན་མི་རུང་། སྨན་བསྟེན་ཉེས་བྱུང་ན་ནད་གཞི་ཇེ་ལྕིར་འགྲོ་བས་དོ་སྣང་བྱེད་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

རྩོམ་སྒྲིག་པ། འབྲུག་མོ།