ཁྱིམ་ཚང་སློབ་གསོས་བྱིས་པའི་སྤྱོད་ལམ་ལ་ཐེབས་པའི་ཤུགས་རྐྱེན་སྐོར།
2024.01.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 117

ལོ་ཆུང་བྱིས་པར་ཁྱིམ་ཚང་གི་ཤུགས་རྐྱེན་ཐེབས་སླ་ཞིང་། ལྷག་པར་ཕ་མའི་གཏམ་གླེང་དང་བྱ་སྤྱོད་སོགས་ཀྱིས་ཁོ་ཚོའི་རིན་ཐང་གི་ལྟ་བ་ཆགས་པར་ཤུགས་རྐྱེན་ཐེབས་བཞིན་ཡོད། ཁྱིམ་ཚང་སློབ་གསོར་བྱིས་པའི་འགྲོ་འདུག་སྤྱོད་གསུམ་གསོ་སྐྱོང་བྱེད་པའི་ཐད་ཀའི་ཤུགས་རྐྱེན་གལ་ཆེན་ལྡན། དེ་བས། འདིར་ཁྱིམ་ཚང་སློབ་གསོས་བྱིས་པའི་འགྲོ་འདུག་སྤྱོད་གསུམ་ལ་ཐེབས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། ཁྱིམ་ཚང་སློབ་གསོས་བྱིས་པའི་སྤྱོད་ལམ་ལ་སྣེ་ཁྲིད་དང་གསོ་སྐྱོང་བྱེད་པའི་དགོས་གལ་རང་བཞིན་དང་སྤྱོད་ལམ་ལ་ཤན་ཞུགས་པའི་བྱེ་བྲག་གི་མངོན་ཚུལ། སྤྱོད་ལམ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་གནས་པའི་གནད་དོན་ངོ་སྤྲོད་ཅིག་བྱེད།

དང་པོ། ཁྱིམ་ཚང་སློབ་གསོས་བྱིས་པའི་སྤྱོད་ལམ་ལ་སྣེ་ཁྲིད་དང་གསོ་སྦྱོང་བྱེད་པའི་དགོས་གལ་རང་བཞིན།

ཁྱིམ་ཚང་སློབ་གསོས་ངེས་པར་བྱིས་པའི་འགྲོ་འདུག་སྤྱོད་གསུམ་ལ་སྣེ་ཁྲིད་དང་གསོ་སྐྱོང་བྱེད་པའི་དམིགས་ཡུལ་གསལ་པོ་བྱས་ཏེ། བྱིས་པ་འཚར་ལོངས་འབྱུང་སའི་ཁོར་ཡུག་ཁྲོད་ནས་དམིགས་བསལ་གྱི་སྤྱོད་ལམ་ལ་དུས་ཡུན་རིང་པོར་སྦྱོང་བརྡར་ཡང་ཡང་བྱས་ནས་རང་གཤིས་བརྟན་པོ་ཆགས་སུ་འཇུག་པ་དང་། རང་ངོས་ནས་བརྡར་ཤ་གཅོད་པ་དང་དབྱེ་ཞིབ་བྱེད་པ་དེའང་བྱིས་པའི་འགྲོ་འདུག་སྤྱོད་གསུམ་གྱི་ཆ་ཤས་ཤིག་ཏུ་འགྱུར་བར་ཁྲིད་སྟོན་བྱེད་དགོས།

བྱིས་པའི་འགྲོ་འདུག་སྤྱོད་གསུམ་ནི་ལས་སླ་པོར་བསྒྱུར་ཐུབ་པ་ཞིག་གཏན་ནས་མིན་པར། གོམས་གཤིས་ལ་ལ་ཞིག་མི་ཚེ་གང་པོར་ཡང་བསྒྱུར་མི་ཐུབ་པར་མ་ཟད། དེས་སླད་ཕྱིན་གྱི་མི་ཚེའི་འཚོ་བ་སྐྱེལ་སྟངས་དང་འཚར་ལོངས་ཀྱི་འཕེལ་རྒྱས་སོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། སྤྱོད་ལམ་ཡག་པོས་ང་ཚོ་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་ཐུབ་ཅིང་། “ཁྱིམ་ཚང་སློབ་གསོས་མིར་རང་གཤིས་བརྟན་པོ་ཞིག་ཇི་ལྟར་ཆགས་པ་གཙོར་འཛིན་ཞིང་བྱིས་པའི་དུས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་ཁྲིད་སྟོན་ལ་བཙན་ཤེད་ཀྱི་ཁྱད་ཆོས་ལྡན”ཞིང་། སྐབས་འདིར་བྱིས་པའི་བློ་རིག་འཚར་ལོངས་དེ་ཙམ་ཡག་པོ་བྱུང་མེད་པས་མི་གཞན་གྱི་བྱ་སྤྱོད་ཀྱིས་ཤུགས་རྐྱེན་ཐེབས་སླ་བར་མ་ཟད་གཞན་ལ་ལད་མོའང་བྱེད་སྲིད།

ཡིན་ནའང་། ཕ་མ་དུས་རྒྱུན་དུ་བྱིས་པ་དང་ལྷན་དུ་ཡོད་པས་ཕ་མའི་འགྲོ་འདུག་སྤྱོད་གསུམ་གྱིས་བྱིས་པའི་སྤྱོད་ལམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན། ཁྱིམ་ཚང་གི་སློབ་གསོ་དང་ཁོར་ཡུག་ལའང་བྱིས་པའི་འགྲོ་འདུག་སྤྱོད་གསུམ་གསོ་སྐྱོང་བྱེད་པར་སྐུལ་འདེད་དང་ཤུགས་རྐྱེན་བཟོ་བའི་ནུས་པ་ཡོད། བྱིས་པའི་འཚོ་བ་ནི་དགའ་སྤྲོས་ཁེངས་ཤིང་གོམས་གཤིས་ཡག་པོ་གསོ་སྐྱོང་བྱེད་པའི་དུས་སྐབས་ལེགས་ཤོས་ཤིག་ཡིན་པས། ཁྱིམ་ཚང་གི་སློབ་གསོས་ངེས་པར་བྱིས་པའི་འགྲོ་འདུག་སྤྱོད་གསུམ་ལ་ཁྲིད་སྟོན་བྱེད་པའི་འགན་འཁྲི་གཙོ་བོ་འཁུར་དགོས་ཤིང་། ཁྱིམ་ཚང་སློབ་གསོ་ལེགས་བཅོས་བྱས་ཏེ་བྱིས་པའི་གོམས་གཤིས་ཇེ་བརྟན་དུ་གཏོང་རྒྱུར་ཁོར་ཡུག་གི་རྨང་གཞི་བཟང་པོ་ཞིག་མཁོ་འདོན་བྱེད་དགོས། བྱིས་པ་རྣམས་ལ་སྤྱོད་ལམ་དང་གོམས་གཤིས་བཟང་པོ་རང་རྒྱུད་དུ་ཆགས་སུ་འཇུག་པ་དང་། རང་གཅུན་རང་འདོམས་དང་བསམ་གཞིག་ནན་གཏོང་བྱེད་པ། བདེ་ཐང་ངང་ནས་འཚར་ལོངས་འབྱུང་བར་རམ་འདེགས་བྱེད་དགོས།

གཉིས་པ། ཁྱིམ་ཚང་སློབ་གསོས་བྱིས་པའི་སྤྱོད་ལམ་ལ་ཤུགས་རྐྱེན་ཐེབས་པའི་བྱེ་བྲག་གི་མངོན་ཚུལ།

“ཆེས་ལེགས་པའི་ཁྱིམ་ཚང་གི་ཁོར་ཡུག་ནི་གཙོ་བོ་ཕ་མ་ཕན་ཚུན་བར་གྱི་མཛའ་བརྩེ་བརྟན་ཞིང་བརླིང་བ་དང་ཁྱིམ་གཞིས་འཆམ་ཞིང་མཐུན་པ་ཞིག་ཡིན་དགོས”པ་དང་། དེ་འདྲའི་འཆམ་མཐུན་གྱི་ཁོར་ཡུག་ཁྲོད་ནས་ད་གཟོད་སྤྲོ་སྐྱིད་དང་བྱམས་བརྩེ་ཡིས་ཁེངས་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་ཡིན། ཁྱིམ་ཚང་གི་ཁོར་ཡུག་གིས་བྱིས་པའི་སྤྱོད་ལམ་ལ་ཤུགས་རྐྱེན་ཐེབས་ཚད་ཧ་ཅང་མངོན་གསལ་དོད་པོ་ཡིན་ཞིང་། ཕ་མ་ནི་བྱིས་པ་དང་འབྲེལ་འདྲིས་ཆེས་ཟབ་པའི་མི་དེ་ཡིན་ལ། ཕ་མའི་གཅེས་སྐྱོང་དང་བྱམས་སྐྱོང་གི་འོག་ནས་བྱིས་པ་ཚོས་ཁྱིམ་ཚང་གི་བདེ་སྐྱིད་དང་དྲོད་ཁོལ་ལོངས་སུ་སྤྱད་དེ། གཤིས་ཀ་འཁྲུག་ཆ་དོད་པོ་ཡོད་པ་དང་སྤྲོ་སྣང་གིས་ཀུན་ནས་བརྟས་པའི་སེམས་ཁམས་ཤིག་ཆགས་ཅི་ཐུབ་བྱེད་དགོས།

བྱིས་པའི་དུས་སྐབས་ནི་སྐད་ཆ་བཤད་པའི་ནུས་པ་སྦྱོང་བརྡར་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། ཁྱིམ་ཚང་གི་ཁོར་ཡུག་ནས་ཕ་མ་དང་བྱིས་པ་ཕན་ཚུན་གྱི་བར་དུ་འབྲེལ་འདྲིས་གང་ལེགས་དང་སྤྱོད་ལམ་མཐུན་པོ་ཡོང་བར་བྱེད་དགོས། ཕ་མ་དང་བྱིས་པའི་བར་དུ་འགལ་ཟླ་བྱུང་ཚེ་ཁྱིམ་ཚང་གི་ཁོར་ཡུག་ལ་གཏོར་སྐྱོན་བྱུང་སྟེ། བྱིས་པའི་སེམས་ཁམས་དང་འཚར་ལོངས་ལ་གནོད་སྐྱོན་ཆེན་པོ་བཟོ་སྲིད། ཁྱིམ་ཚང་འཆམ་པོ་མཐུན་པོ་མིན་ཚེ་བྱིས་པའི་སྤྱོད་ལམ་གྱི་ཡི་མུག་རང་བཞིན་གྱི་ཆ་མངོན་གསལ་དུ་ཇེ་ཆེར་འགྱུར་ཞིང་། འཆམ་མཐུན་ཁྱིམ་ཚང་གི་ཁོར་ཡུག་བཟང་པོས་བྱིས་པ་བདེ་ཐང་གི་ངང་ནས་འཚར་ལོངས་འབྱུང་བར་སྐུལ་ཁྲིད་བྱེད་ཐུབ། ཕ་མའི་སློབ་གསོས་བྱིས་པའི་སྤྱོད་ལམ་ལ་ཤུགས་རྐྱེན་ཐེབས་སླ་བས་ངེས་པར་རང་ཉིད་ཀྱི་ཀུན་སྤྱོད་ལ་གཟབ་གཟབ་བྱས་ཏེ་མིག་དཔེ་ཡག་པོ་སྟོན་དགོས། ཕ་མའི་སློབ་གསོའི་སྤྱོད་ལམ་གྱིས་བྱིས་པའི་འགྲོ་འདུག་སྤྱོད་གསུམ་ལ་སྣེ་ཁྲིད་དང་མིག་དཔེའི་ནུས་པ་ཐོན་གྱིན་ཡོད། གལ་ཏེ་ཕ་མའི་རིན་ཐང་གི་ལྟ་བ་ཡང་དག་པ་ཞིག་མིན་ཚེ་བྱིས་པའི་མི་གཤིས་ལ་སྐྱོན་འབྱུང་ཞིང་། འཇིག་རྟེན་གྱི་བྱ་བ་གང་དང་གང་ལ་འཇུག་ནའང་ཚང་མར་དེས་ཤུགས་རྐྱེན་ཐེབས་སྲིད་པ་རེད། ཕ་མས་བྱིས་པ་གཅེས་ལང་དུ་བཏང་དྲགས་ན་རང་གཤིས་གྱོང་པོ་དང་རང་སྣང་གང་ཤར་བྱེད་པའི་མི་ཞིག་ཏུ་འགྱུར་ཞིང་། དོ་དམ་བྱས་དྲགས་ན་བྱིས་པའི་རང་གཤིས་འཇོམས་ཤིང་ཁ་གྲག་རྒྱུར་མི་དགའ་བར་འགྱུར་སྲིད། དེའི་ཕྱིར་ཕ་མའི་སློབ་གསོས་བྱིས་པའི་སྤྱོད་ལམ་ལ་ཐེབས་པའི་ཤུགས་རྐྱེན་ནི་ཧ་ཅང་མངོན་གསལ་དང་ཤུགས་ཆེ་བ་ཡིན།

གསུམ་པ། ཁྱིམ་ཚང་སློབ་གསོས་བྱིས་པའི་སྤྱོད་ལམ་གསོ་སྐྱོང་བྱེད་པའི་ཁྲོད་གནས་པའི་གནད་དོན།

ཁྱིམ་ཚང་སློབ་གསོས་བྱིས་པའི་སྤྱོད་ལམ་ལ་ཐེབས་པའི་ཤུགས་རྐྱེན་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། ཁྱིམ་ཚང་མང་ཆེ་བར་སློབ་གསོའི་ངོས་ཟིན་ཡག་པོ་མེད་པ་དང་། ཁྱིམ་ཚང་གི་སློབ་གསོའི་ཁྲོད་དུ་བྱིས་པའི་སྤྱོད་ལམ་ལ་དམིགས་ནས་ཁྲིད་སྟོན་བྱེད་པར་གཞི་རྩའི་ཆ་ནས་ལྟ་ཕྱོགས་མི་འདྲ་བ་གཉིས་ཡོད་པ་རེད།“གཅིག་ནི་བྱིས་པ་རྒྱ་ཡན་དུ་བཏང་ནས་རང་གཤིས་ལ་ངེས་པར་བརྩི་འཇོག་བྱེད་དགོས་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་དང་། བྱིས་པས་འོས་འཚམས་ཀྱི་ལོ་ཚོད་ནང་དུ་སྤྱོད་ལམ་གང་ཡང་དག་ཡིན་མིན་སྒྲོ་འདོགས་གཅོད་ནུས་པས་ཕ་མས་དེ་ལ་མཛུབ་སྟོན་དང་ཐེ་གཏོགས་བྱེད་མི་དགོས་ཤིང་། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ནས་སྤྱོད་ལམ་བཟང་པོ་ཞིག་རང་བཞིན་གྱིས་རྒྱུད་ལ་ཆགས་སྲིད། དེས་བྱིས་པའི་སློབ་སྦྱོང་གི་སྦྱངས་འབྲས་ལ་སྔར་བས་སེམས་ཁུར་དང་སྒྱུ་རྩལ་རྩལ་ནུས་གསོ་སྦྱོང་ལ་དོ་ཁུར་བྱས་ཏེ་སྔར་བཞིན་རྒྱུགས་དམིགས་སློབ་གསོ་དང་ལེན་བྱེད་ཀྱིན་ཡོད། ཅིག་ཤོས་ནི་བྱིས་པའི་སྤྱོད་ལམ་གྱི་ཁྲིད་སྟོན་ནི་བྱིས་སྙོར་ཁང་གི་བྱ་བ་འབའ་ཞིག་ཡིན་པར་སེམས་ཏེ། ཁྱིམ་བདག་རྣམས་ལས་ལ་བྲེལ་ཆེ་བས་བྱིས་སྙོར་ཁང་གིས་བྱིས་པའི་སྤྱོད་ལམ་ལ་ཁྲིད་སྟོན་བྱེད་པའི་འགན་འཁྲི་ཆ་ཚང་འཁུར་དགོས་པ་ལས་ཁྱིམ་བདག་གིས་བྱིས་པའི་སྤྱོད་ལམ་གསོ་སྐྱོང་བྱ་རྒྱུར་སེམས་ཁུར་བྱེད་དགོས་ཀྱིན་མེད”པར་འདོད་པ་རེད། ལྟ་ཚུལ་འདི་གཉིས་ཀྱི་ཐུན་མོང་གི་ཆ་ནི་ཕ་མས་བྱིས་པའི་སྤྱོད་ལམ་ལ་ཁྲིད་སྟོན་དང་མཐོང་ཆེན་བྱེད་ཚད་མི་འདང་བ་དེ་ཡིན། བསམ་བློ་ལ་མཐོང་ཆེན་མི་བྱེད་པ་དང་། ཁྱིམ་ཚང་གིས་བྱིས་པའི་སྤྱོད་ལམ་ལ་ཁྲིད་སྟོན་བྱེད་པའི་འདུ་ཤེས་ཞན་པས་སྤྱོད་ལམ་ལེགས་པོ་གསོ་སྐྱོང་བྱེད་པའི་བགེགས་སུ་གྱུར་ཡོད། ཁྱིམ་ཚང་སློབ་གསོའི་ཁྲོད་ཀྱི་བྱ་སྤྱོད་མི་ལེགས་པས་བྱིས་པར་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་ཡོད། མིག་སྔའི་ཁྱིམ་ཚང་སློབ་གསོའི་གནས་བབ་འོག་ནས་ང་ཚོས་རྟག་ཏུ་གནས་ཚུལ་འདྲ་མིན་མཐོང་སྲིད་དེ། ཕ་མ་དག་གིས་བྱིས་པའི་གམ་ནས་ཐ་མག་འཐེན་པ་དང་ཆང་བཏུང་བ། སྐད་ཆ་འདྲ་མིན་སྣ་ཚོགས་བཤད་ཀྱིན་ཡོད་པ་རེད། བྱིས་པས་ཕ་མ་ལ་ལད་མོ་བྱེད་སྲིད་པས་གོམས་གཤིས་ངན་པ་དེ་དག་གིས་བྱིས་པར་སྤྱོད་ངན་རང་ཤུགས་ཀྱིས་ལོབས་སུ་འཇུག་སྲིད།

མདོར་ན། ཁྱིམ་ཚང་གི་སློབ་གསོ་ནི་ཧ་ཅང་གནད་འགག་ཅིག་ཡིན་ལ་བྱིས་པའི་སྤྱོད་ལམ་ལ་ཁྲིད་སྟོན་བྱེད་པའི་བརྒྱུད་རིམ་གལ་ཆེན་ཞིག་ཀྱང་ཡིན། བྱིས་པ་གསོ་སྐྱོང་བྱེད་སྐབས་ངེས་པར་ཁྱིམ་ཚང་སློབ་གསོར་དོ་སྣང་དང་སྤྱོད་ལམ་ལ་ཁྲིད་སྟོན་བྱེད་པར་གཙིགས་ཆེན་བྱེད་དགོས། བྱིས་པ་རྣམས་སྤྲོ་སྣང་དང་འཆམ་མཐུན་གྱི་ཁྱིམ་ཚང་གི་ཁོར་ཡུག་ཅིག་གི་ནང་ཕ་མའི་ཁྲིད་སྟོན་འོག་ནས་བདེ་ཐང་ངང་འཚར་ལོངས་འབྱུང་དགོས་པར་མ་ཟད། མ་འོངས་པར་བྱ་བ་གང་དང་གང་ལ་འཕྲད་ནའང་དེ་ལ་གདོང་ལེན་དང་སྤོབས་པ་ཆེར་སྐྱེད་ཀྱིས་ཞུགས་པའི་སྙིང་སྟོབས་ཀྱང་སྦྱོང་བརྡར་བྱེད་དགོས། ཁྱིམ་ཚང་སློབ་གསོའི་འགན་འཁྲི་ནི་བྱིས་པ་སྙོར་སྐྱོང་བྱེད་པ་ཁོ་ན་ཙམ་མ་ཡིན་པར་བྱིས་པའི་འགྲོ་འདུག་སྤྱོད་གསུམ་ལ་ཁྲིད་སྟོན་དང་མིག་དཔེ་ཡག་པོ་ཞིག་བསྟན་ཏེ། ཀུན་སྤྱོད་ཡག་ཅིང་བློ་རིག་བཀྲ་ལ་སེམས་ཁམས་བདེ་ཐང་ཅན་གྱི་བྱིས་པ་ཞིག་གསོ་སྐྱོང་བྱ་རྒྱུ་ནི་འཇིག་རྟེན་ཕ་མ་ཀུན་གྱི་འགན་འཁྲི་ཆེན་པོ་ཞིག་རེད། །

རྩོམ་སྒྲིག་པ། འབྲུག་མོ།