གཅིན་སྙི་ཟ་ཁུའི་ནད་སློང་བའི་སྤྱོད་ལམ་འདི་དག་ལ་གཟབ་དགོས།
2024.02.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གཅིན་སྙི་ཟ་ཁུའི་ནད་སློང་བ་ལ་འཚོ་བའི་གོམས་གཤིས་མི་ལེགས་པ་དང་ཟས་ཀྱི་སྡེབ་ཁ་ལུགས་དང་མི་མཐུན་པ། ལུས་རྩལ་སྦྱོང་བརྡར་མི་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ཤིན་ཏུ་མང་།

འཚོ་བའི་གོམས་གཤིས་ངན་པ་ནི་གཅིན་སྙི་ཟ་ཁུའི་ནད་སློང་བར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ད་ལྟའི་མི་རྣམས་ཀྱི་འཚོ་བའི་འགྲོས་ཤིན་ཏུ་མགྱོགས་ལ། བྱ་བའི་གནོན་ཤུགས་ཀྱང་ལྕི། མི་མང་པོ་ཞིག་གིས་དགོང་མོའང་ཡུན་རིང་པོར་བྱ་བ་སྒྲུབ་བཞིན་ཡོད་པས། གཉིད་ལ་བར་ཆད་ཆེན་པོ་ཐེབས་བཞིན་ཡོད། དུས་ཡུན་རིང་པོར་གཉིད་ཀྱིས་མ་འདང་ན་ལུས་ཀྱི་དྭངས་སྙིགས་བརྗེ་ཚབ་དང་འཁོར་རྒྱུག་ལ་བར་ཆད་ཐེབས་ཏེ་འཁྲུགས་པར་འགྱུར་ལ། རང་བཞིན་གྱིས་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁའང་ཇེ་ཆེར་འགྲོ་བ་རེད།

ཟས་ཀྱི་སྡེབ་ཁ་ལུགས་དང་མི་མཐུན་པ། ད་ལྟའི་མི་རྣམས་ཀྱི་ཁ་ཟས་ནི་མངར་ཆ་མང་བ་དང་ཚིལ་ཞག་མཐོ་བ། ཚྭ་མང་བ་སོགས་ཀྱི་རིགས་ཡིན་ལ། མངར་ཆ་དང་སྣུམ་ཞག་གི་རིགས་མང་དུ་བསྟེན་ཚེ་གཤེར་གླིང་རྒྱུ་འབོར་ཆེན་ཟགས་པར་འགྱུར་ལ། རང་བཞིན་གྱིས་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁའང་ཇེ་ཆེར་འགྲོ་བཞིན་ཡོད། གཞན་ད་ལྟའི་མི་རྣམས་ཞོར་ཟས་དང་མགྱོགས་ཟས་ཀྱི་རིགས་བཟའ་བར་དགའ། ཟས་རིགས་དེ་དག་ལ་སྤྱིར་བཏང་མངར་ཆ་དང་སྣུམ་ཞག་ཆེ་བས། དུས་ཡུན་རིང་པོར་བསྟེན་ན་ལུས་ལ་ཚོ་གསོག་པ་དང་། དེ་ལ་བརྟེན་ནས་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁའང་ཇེ་ཆེར་འགྲོ་བ་རེད།

ལུས་རྩལ་སྦྱོང་བརྡར་ཉུང་བ། ད་ལྟའི་མི་རྣམས་ཀྱི་འཚོ་བའི་ཁྲོད་ལུས་རྩལ་སྦྱོང་བརྡར་ཤིན་ཏུ་ཉུང་ལ། དུས་ཡུན་རིང་པོར་ཙོག་པུར་བསྡད་ཚེ་ལུས་ཀྱི་ནུས་ཚད་ཇེ་ཉུང་དུ་འགྲོ་བ་ཡིན་པས། ཁྲག་གི་མངར་ཆའི་ཆུ་ཚད་ཇེ་མཐོར་འགྲོ་སླ་བ་དང་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁའང་ཇེ་ཆེར་འགྲོ་བ་ཡིན། གཞན་ལུས་སྦྱོང་མ་བྱས་ན་ཤ་གནད་བསྐུམས་ཏེ་ལུས་ཀྱི་དྭངས་སྙིགས་བརྗེ་ཚབ་བྱེད་ཚད་ཇེ་དམའ་རུ་འགྲོ་བ་དང་། གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁའང་དེ་བཞིན་ཇེ་མཐོར་འགྲོ་བ་རེད།

རྒྱུད་འདེད་པའི་དབང་གིས་གཅིན་སྙི་ཟ་ཁུའི་ནད་བསྐྱེད་དེ། གལ་ཏེ་ཁྱིམ་རྒྱུད་ཀྱི་ནང་དུ་གཅིན་སྙི་ཟ་ཁུའི་ནད་པ་ཡོད་ན། ཁྱིམ་མི་གཞན་ལ་གཅིན་སྙི་ཟ་ཁུ་འབྱུང་བའི་ཉེན་ཁའང་མཐོ་བ་ཡིན། དེས་ད་དུང་གཤེར་གླིང་རྒྱུའི་བྱེད་ནུས་ལའང་ཤན་ཤུགས་ཐེབས་པ་ཡིན། གཤེར་གླིང་རྒྱུའི་བྱེད་ནུས་ནི་ཕྲ་ཕུང་གིས་རྒུན་འབྲུམ་གྱི་མངར་ཆ་བསྡུ་བ་དང་བེད་སྤྱོད་པར་གྲོགས་བྱེད་པ་དང་། དེར་བརྟེན་ནས་ཁྲག་གི་མངར་ཆའི་འདུ་ཚད་ཇེ་དམའ་རུ་གཏོང་བ་ཡིན། རྒྱུད་འདེད་པའི་དབང་གིས་ད་དུང་ཕྲ་ཕུང་དང་གཤེར་གླིང་རྒྱུའི་བར་གྱི་ཚོར་བ་ལའང་བར་ཆད་ཐེབས་པ་ཡིན་ཏེ། ཕྲ་ཕུང་གིས་གཤེར་གླིང་རྒྱུ་ཡག་པོར་ཚོར་མ་ཐུབ་ཚེ། ཕྲ་ཕུང་གིས་གཤེར་གླིང་རྒྱུ་བསྡུ་བ་དང་བེད་སྤྱོད་པར་བར་ཆད་ཐེབས་པ་ཡིན་ལ། ཁྲག་གི་མངར་ཆའང་རྒྱུན་ལྡན་ལྟར་སྙོམས་མི་ཐུབ་པས། རང་བཞིན་གྱིས་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁའང་ཇེ་ཆེར་འགྲོ་བ་ཡིན།

གོང་གི་རྒྱུ་རྐྱེན་དེ་དག་ཤེས་ན། གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་བྱེད་ཚུལ་ཡང་ཤེས་སླ་སྟེ། ང་ཚོས་འཚོ་བའི་གོམས་གཤིས་ཡག་པོའི་རྒྱུན་སྐྱོང་དགོས་ལ། གཉིད་ཡག་པོར་རོལ་དགོས། བཟའ་བཏུང་ཡང་ལུགས་དང་མཐུན་པར་སྤྱོད་དགོས་ལ། ལུས་ཕུང་སྦྱོང་བརྡར་ལའང་གཙིགས་མཐོང་བྱེད་དགོས། མངར་ཆ་དང་སྣུམ་ཞག་གི་བསྡུ་ཚད་ལ་མཉམ་འཇོག་པ་དང་། དུས་ངེས་གཏན་དུ་ལུས་ལ་བརྟག་དཔྱད་བྱེད་དགོས། གཅིན་སྙི་ཟ་ཁུའི་ནད་བྱུང་ནའང་དུས་སྔ་མོ་ནས་ངོས་ཟིན་པ་དང་གསོ་བཅོས་བྱས་ན་ཤིན་ཏུ་ལེགས། དེ་ལྟར་བྱས་ན་ད་གཟོད་གཅིན་སྙི་ཟ་ཁུའི་ནད་ཀྱིས་བསྐྱེད་པའི་སྡུག་བསྔལ་ལ་གཡོལ་ཐུབ་ལ། ལུས་ཕུང་བདེ་ཐང་ཡོང་བར་ཡང་ཕན་ནོ། །

རྩོམ་སྒྲིག་པ། འབྲུག་མོ།