ལུས་སྟེང་གི་འཁོར་རྒྱུག་མ་ལག་གཉིས་སྟེ། དང་པོ་ནི་ཁྲག་གི་འཁོར་རྒྱུག་མ་ལག་དང་གཉིས་པ་ནད་འགོག་མ་ལག་ཡིན། དེ་ལས་ནད་འགོག་མ་ལག་གིས་ནད་འབུ་དང་ནད་འགོག་ཐུབ། དེ་ལ་རྨེན་བུའམ་ནད་འགོག་མ་ལག་ཟེར། དེ་ནི་གཤེར་ཁུའི་རང་བཞིན་ཅན་ཡིན་ཏེ་བྱེད་ལས་ནི་ནད་འགོག་པ་ཡིན། གཙོ་བོ་སྨན་གྱིས་གསོ་མི་ཐུབ་པའི་ནད་རིགས་སྐོར་ཞིག་འགོག་ཐུབ། ནུབ་ཕྱོགས་རྒྱལ་ཁབ་ལ་ལས་ནད་འགོག་རང་བཞིན་གྱི་གཤེར་ཁུ་ལུས་ལ་བརྒྱབ་ནས་ནད་སྔོན་འགོག་གི་ཐབས་ཤེས་བཀོལ་བཞིན་ཡོད་པ་རེད།
ནད་འགོག་མ་ལག་གིས་གཙོ་བོ་ཁྲག་རིལ་ཕྲ་ཕུང་ལ་རོགས་བྱས་ནས་ལུས་ཡོངས་ཀྱི་ནད་འབུ་ལ་རྒོལ་བ་དང་འགོ་ནད་ལ་རྒོལ་བཞིན་ཡོད་པ་རེད། དེ་ནི་མང་ཆེ་བ་མགོ་དང་སྐེ། བརླ། མཆན་འོག་བཅས་ན་ཡོད། ལུས་ལ་ནད་བྱུང་དུས་རིམས་འགོག་མ་ལག་གི་ཉེ་འགྲམ་སྐྲངས་སྲིད།
ལུས་སྟེང་གི་ནད་འགོག་མ་ལག་དེ་ད་དུང་རྣ་བའི་གོང་དང་མིད་པའི་ཉེ་འགྲམ་དང་སྐེ་ན་ཡོད་ཅིང་། ལུས་ཕུང་གིས་ཐུན་མོང་མ་ཡིན་པའི་རྩ་ཕྲན་དང་རྫས་འགྱུར་རང་བཞིན་ལ་བརྟེན་ནས་ནད་འབུ་འགོག་ཅིང་མཐར་སྤྲོད་གཏོང་ཐུབ། མཚེར་བས་ཀྱང་ནད་འབུ་དེ་དག་འཇོམས་པ་མ་ཟད། མཁོ་མེད་དུ་གྱུར་བའི་ཁྲག་རིལ་དམར་པོ་ཡང་ཕྱིར་འདེད་ཐུབ།
དང་པོ། སྐྱི་པགས་ལ་རྨ་ཁ་མེད་ན་ནད་འབུ་འགོག་པར་ནུས་པ་ཆེན་པོ་འདོན་ཐུབ།
སྣ་དང་མིད་པའི་ཉེ་འགྲམ། ཕོ་བ་དང་རྒྱུ་མའི་ངོས་སུ་བེ་སྣབས་ལྟ་བུ་ཞིག་ཡོད། དེས་ནད་འབུ་འགོག་ཐུབ། གལ་ཏེ་ཁྱེད་ལ་ཆམ་པ་ཕོག་དུས་སྣ་ཁུང་དང་དབུགས་ལམ་ནས་གཤེར་ཁུ་ཐོན་པ་དེ་ནི་དེས་ནད་འབུ་བཀག་པའི་མངོན་རྟགས་ཤིག་རེད། དེ་བཞིན་ཟ་འཕྲུག་ལངས་པ་དང་སྣ་སྦྲིད་རྒྱག་པ། ལུད་པ་ཡོང་བ། སྐྱུགས་པ་བཅས་ནི་ནད་འགོག་མ་ལག་གིས་ནད་ཕྱིར་བདས་པས་ཡིན། ད་དུང་ལུས་ལ་ནད་འབུ་ཕྲ་མོ་ཡོད་པའི་ནད་རྟགས་ཀྱང་ཡིན།
ནད་འབུ་དེ་སྐྱི་པགས་རལ་ཤུལ་ནས་ལུས་ལ་འཛུལ་སྲིད།
ཁྲག་རིལ་དཀར་བོས་ཁྲག་རྩ་བརྒྱུད་ནས་རིམ་འགོག་རྒྱུུ་ཆ་སྐྱེལ་འདྲེན་བྱེད་ཅིང་ནད་འབུའི་མཐའ་ནས་བཏུམ་ཞིང་ནད་འབུ་མེད་པར་བྱེད་པ་རེད། སྐབས་འགར་ནད་འབུས་ཁྲག་རིལ་དཀར་པོ་མེད་པར་གཏོང་སྲིད། རྨ་བྱུང་སྐབས་སྐྲངས་པ་དང་ཁྲག་རྣག་བྱུང་བ་དེ་ནི་ཁྲག་རིལ་དཀར་པོར་སྐྱོན་ཞུགས་པའི་རྟགས་རེད།
གཉིས་པ། ལུས་དང་ནད་འབུ་འཐབ་ཚུལ།
ང་ཚོ་སྐྱེས་པ་ནས་བཟུང་ནད་དང་འཐབ་རྩོད་བྱེད་མགོ་བརྩམས་པ་ཡིན། འགོག་རིམ་དང་པོ་ནི་སྐྱི་པགས་ཡིན་ཞིང་དེར་རྨ་ཁ་བྱུང་ན་ནད་འབུ་ལུས་སྟེང་དུ་ཞུགས་སླ། ནད་འབུ་ཁ་ཤས་ཀྱིས་ལུས་ལ་རྒོལ་ཀྱང་གནོད་མི་ཐུབ་པའམ་ཡང་ན་ཅུང་ཙམ་སྐྲངས་སྲིད། ནད་འབུ་དེ་དག་ནི་ཕྲ་མཐོང་ཆེ་ཤེལ་གྱིས་བལྟས་ན་མ་གཏོགས་མཐོང་མི་ཐུབ། མདོར་ན་ལུས་ཀྱི་དབང་བོ་དག་ནད་ཁ་ཤས་ལས་ཐར་བ་དང་མཉམ་དུ་ལུས་ཁམས་སྲུང་བ་ནི་བཟའ་མི་ལྟར་འཆམ་པོར་གནས་དགོས། ནད་ཀྱིས་རེས་འགར་རྒོལ་རྡུང་བྱེད་ན། ནད་ཁ་ནས་མིད་པར་འགྲོ་ཞིང་དེས་འགོག་མ་ཐུབ་ན་ནད་ངན་འབྱུང་སྲིད། ལྷག་པར་དུ་ནད་འབུ་ཁྲག་རྩར་སོང་ན་ནད་ཆེན་པོ་འབྱུང་སྲིད། དེའི་རྗེས་ལུས་པོར་རང་སྟོབས་ཀྱིས་ནད་འགོག་ནུས་པ་བྱུང་ནས་རིམས་འགོག་ནུས་པ་ཡང་ཇེ་ཆེར་འགྲོ་བ་ཡིན། ནད་དང་ཁྲག་རིལ་དཀར་པོ་འཕྲད་དུས་རྫས་སྣ་ཚོགས་སུ་གྱུར་ཏེ་ནད་འགོག་ཅིང་རྗེས་ནས་ནད་ཡོང་བར་སྔོན་འགོག་གི་རང་བཞིན་ཀྱང་འབྱུང་སྲིད།
ནད་འབུ་ཁ་ཤས་ལ་སྨན་གང་གིས་ཀྱང་མི་ཕན། འོན་ཀྱང་ནད་མི་ཡོང་བར་སྔོན་འགོག་བྱེད་ཐབས་ནི་འགོག་ཁབ་རྒྱག་རྒྱུ་དེ་ཡིན། དེ་བས་གཞི་རིམ་དབུལ་ཕོངས་ས་ཁུལ་དུ་འགོག་ཁབ་རྒྱག་པའི་ཆ་རྐྱེན་ཞན་པའི་སྟབས་ཀྱིས་རིམས་ནད་མང་པོ་ཞིག་འགོག་མི་ཐུབ་པར་ནད་བྱུང་བ་རེད། དཔེར་ན་སིབ་བུ་ནི་ཆུང་དུས་ནས་འགོག་ཁབ་བརྒྱབ་ན་འགོག་ཐུབ་པ་ཞིག་ཡིན།
ཡང་དཔེ་ཞིག་བཞག་ན་མི་ཞིག་ལ་སིབ་བུའི་ནད་བྱུང་སྐབས་སྨན་མེད་ན་ངེས་པར་དུ་ཉལ་ནས་ངལ་གསོ་དགོས། ད་དུང་ཆུ་མང་པོ་འཐུང་དགོས། ནམ་རྒྱུན་ལུས་པོར་ཚ་རྒྱག་སྐབས་ཁོག་སྟོད་དང་ལྷག་པར་དུ་མགོ་ན་རྔུལ་ཆུ་ཡོད་ན་ཉེན་ཁ་ཆེ་བས་ཆུ་མང་ཙམ་འཐུང་དགོས།
གསུམ་པ། རྨེན་བུ་དང་དབང་བོ་དག་གིས་ནད་ལ་འགོག་རྒོལ་བྱེད་ཚུལ།
ལྕེ་ཆུང་གི་རྨེན་བུ་སྐྲངས་ནད། རྨེན་བུ་དེ་དག་ནི་མིད་ཐག་དང་སྣའི་ནང་ལོགས་སུ་ཡོད། དེ་དག་སྐྲངས་དུས་སྣ་ཁུང་གི་དབུགས་ལམ་གཅོད་པ་དང་། ལྕེ་ཆུང་རྨེན་བུ་སྐྲངས་ནད་ཀྱིས་འབུ་ཕྲ་རྣམས་བཅིང་འགྲོལ་དང་དེ་དག་ལ་རོགས་བྱས་ནས་ནད་ཡམས་ལ་ཕར་རྒོལ་བྱེད་པ་ཡིན། ལྕེ་རྩའི་རྨེན་བུ་ནི་མིད་ཐག་ནང་ལོགས་སུ་གནས་ནའང་ལྕེ་ཆུང་གི་རྨེན་བུ་སྐྲངས་ནད་ལས་དམའ་བ་ཡིན། སྐབས་འགར་མིད་པ་ན་ཚེ་ལྕེ་རྩའི་རྨེན་བུ་སྐྲངས་པ་དང་ནད་ཡམས་འགོག་ཐུབ། མིད་པར་ཚ་རྒྱག་དུས་ན་ཟུག་ལངས་པ་དང་ལུས་ཁམས་མི་བདེ་བ་དེར་མིད་པ་འགག་ནད་ཀྱང་ཟེར། བྱིས་པར་ནད་འདི་རེས་མོས་སུ་ཕོག་པ་རེད།
བྲང་རྨེན་ནི་བྲང་ཁའི་སྟེང་དུ་ཡོད་དེ་སྐེ་ཚིགས་ཀྱི་ཞོལ་དུ་ཡོད། ནད་ཡམས་བྱུང་དུས་ཨོལ་སྒོའི་རྨེན་བུས་ནད་འགོ་བའི་མ་ལག་བསྐྲུན་ནས་ལུས་ཀྱི་ཁྲག་རིལ་དཀར་པོ་དང་འཐབ་སྲིད།
མཚེར་བའི་དབང་བོ་འདིས་ལུས་ཤུགས་ཉམས་པའི་ཁྲག་ངན་སེལ་བར་བྱེད་པ་དང་ཁྲག་བརྗེ་རེས་བྱེད་པའི་ནུས་པ་འདོན་པ་ཡིན། མཚེར་བས་ནད་འགོག་ཕྲ་གཟུགས་བསྐྱེད་ཐུབ་ཅིང་དེས་ཐུན་མོང་མ་ཡིན་པའི་ཕྲ་ཕུང་གཞན་ཡང་བསྐྱེད་ཐུབ་པས་ལུས་པོར་ཕན་པ་ཡིན། སྐྱི་པགས་རྨེན་བུ་ནི་སྐྱི་པགས་ཀྱི་རིམ་པ་བར་མ་དེར་གནས་ཤིང་གཤེར་གཟུགས་ཅན་དེ་ལ་དུག་གི་རང་བཞིན་ཆེ་ཞིང་འབུ་ཕྲ་མང་བས་ལུས་ཕུང་ལ་གནོད་སྲིད། སྐྱི་པགས་རྨེན་བུས་ནད་འགོག་མི་ཐུབ་པས་རྒྱུན་དུ་ལུས་པོ་གཙང་མ་ཞིག་བཀྲུ་རྒྱུ་གལ་ཆེ་ཞིང་ལྷག་པར་དུ་གསང་སྤྱོད་དུ་སོང་རྗེས་ལག་པ་བཀྲུ་དགོས།
མིག་ནང་གི་རྨེན་བུ་ཆུང་ངུ་དེས་གཤེར་གཟུགས་བཏོན་ནས་འབུ་ཕྲ་བཀྲུ་ཐུབ་ལ་མིག་ལ་གཤེར་བག་ལྡན་དུ་འཇུག་ཐུབ། ད་དུང་ནད་འབུ་ཕྲ་མོ་གསོད་ཐུབ་ཅིང་མིག་ལ་སྲུང་སྐྱོབ་ཀྱི་ནུས་པའང་ལྡན།
རྨེན་མདུད། དེ་ལ་སྐྱི་ཁུག་ཆུང་བའི་རང་བཞིན་ལྡན་པས་ནད་འགོག་པའི་མ་ལག་ཡིན། དེ་ནི་མིའི་འགྲམ་འོག་དང་མཆན་ཞབས། བརླ་ཡི་ནང་ངོས་ཏེ་ལྷུ་ཚིགས་ཀྱི་འབྲེལ་མཚམས་ན་ཡོད། ཆམ་ནད་བྱུང་དུས་རྨེན་མདུད་སྐྲངས་སྲིད། རྒྱུ་མཚན་ནི་རྩ་དཀར་དེས་ཁྲག་སྦུབས་དཀར་པོའི་འབུ་ཕྲ་མང་པོ་བསྡུ་ནུས་པས། རྨེན་མདུད་སྐྲངས་དུས་ལུས་པོར་ནད་བྱུང་ཡོད་པའི་རྟགས་རེད། དེ་ནི་འབྲས་སྐྲན་དང་འདྲ་ཞིང་འབྲས་སྐྲན་གྱི་རང་བཞིན་ནི་ལུས་པོའི་ཁག་ཅིག་ནས་ཁག་གཞན་དུ་བསྐྱེད་པ་ཡིན།
ནད་འགོག་ཕྲ་གཟུགས། མིར་ནད་ཚབས་ཆེན་བྱུང་ནས་དྲག་རྗེས། དེའི་ལུས་པོར་ནད་འགོག་ཐུབ་པའི་དངོས་པོ་ཞིག་བསྐྱེད་ཡོད་པས་མ་འོངས་པར་རང་ཉིད་ཀྱི་ཕུང་བོར་སྲུང་སྐྱོབ་བྱེད་ཐུབ། ལུས་ཕུང་གིས་ནད་འགོག་ཕྲ་གཟུགས་མི་འདྲ་བ་ཐོན་སྐྱེད་བྱེད་ཐུབ། གཞན་ད་དུང་སྐྱེས་མ་ཐག་ནས་ནད་འགོག་ཕྲ་གཟུགས་ཡོད་པ་ནི་མའི་ཁོག་པ་བརྒྱུད་ནས་ཡོང་བ་ཡིན། དེ་ནི་རིམ་བཞིན་དར་རྒྱས་སུ་འགྲོ་བས། བྱིས་པའི་ལུས་ཕུང་ལ་རང་ཉིད་ཀྱིས་ལྟ་སྐྱོང་བྱེད་ཐུབ། །
ཡིག་སྒྱུར་བ། འབྲུག་མོ།