ཚོ་སྦྱོང་བ་ལ་ཟས་སྡོམ་དགོས་སམ།
2024.02.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཕོ་བ་ཟས་དང་བཏུང་བའི་སྣོད། དྭངས་མ་ཕྱེས་ཏེ་འཚེར་བས་སྡུད། བཟའ་བཏུང་བསྟེན་རྗེས་ཕོ་བའི་གནས་ནས་འཇུ་ལེན་བྱས་རྗེས། དྭངས་མའི་དྭངས་མ་རྣམས་འཚེར་བའི་སྡུད་འགྲེམ་ལ་བརྟེན་ནས་ལུས་ཡོངས་སུ་སྐྱེལ་བ་ཡིན་ལ། དེ་ལས་སྙིགས་མ་རྣམས་ཀྱང་འཚེར་བའི་བྱེད་ནུས་ལ་བརྟེན་ནས་གཅིན་ལམ་དང་འབྱིན་རྔུབ་དང་བ་སྤུའི་བུ་ག་དང་རྒྱུ་མ་སོགས་ནས་ཕྱིར་འདོར་བ་ཡིན།

འཚེར་བའི་བྱེད་ནུས་ཉམས་ཚེ། སྙིགས་མ་དག་རྒྱུན་ལྡན་ངང་ཕྱིར་འདོར་མི་ཐུབ་པར་ལུས་པོའི་ནང་དུ་ལུས་འགྲོ་བ་དང་། ནད་ལ་རྐྱེན་བྱས་ཏེ་ལུས་ལ་མི་བདེ་བ་སྣ་ཚོགས་འབྱུང་། གལ་ཏེ་ཆུའི་སྙིགས་མ་འདོར་མ་ཐུབ་ཚེ་བརླན་དང་ལུད་པ་སོགས་བསྐྱེད་དེ། མིའི་ལུས་ལ་ངལ་དུབ་དང་རིག་པ་མི་དྭངས་པ། རུས་ཚིགས་ན་བ། ཐང་ཆད་པ་དང་མིད་ཐག་ལུད་པས་གང་བ་སོགས་འབྱུང་ལ། ལུས་ཀྱི་ཚིལ་བསྐྱེད་དེ་ཚོ་གསོག་པར་ཡང་འགྱུར།

མི་ལ་ལས་རྒྱུན་པར་ཟས་ཚོད་ཤིན་ཏུ་ཉུང་ནའང་། ཆུ་འཐུང་བས་ཀྱང་ཚོ་གསོག་པར་འདོད་པའང་གོང་དུ་བརྗོད་པ་དང་གནས་ལུགས་མཐུན། རྒྱུ་མཚན་ནི་མི་དེ་རིགས་ཀྱི་འཚེར་བའི་བྱེད་ནུས་ཉམས་པས། འཐུང་བའི་ཆུ་ལས་འདོར་འོས་པ་དག་འདོར་མ་ཐུབ་པས་ལུད་རོ་སོགས་བསྐྱེད་ཅིང་ཚིལ་དུ་འགྱུར། ཡང་ན་ཚིལ་ཐུམ་གྱི་བོངས་ཆེར་བསྐྱེད་པ་ཡིན་པས། ལུས་ལ་ཚོ་གསོག་པར་འགྱུར་བའང་སྨོས་མ་དགོས།

དེས་ན་ཚོ་སྦྱོང་བ་ལ་ཟས་སྡོམ་དགོས་སམ་ཞེ་ན། ཟས་ཚོད་རན་པར་སྡོམ་པ་ནི་སྨོས་མ་དགོས་པར་བདེ་ཐང་གི་གྲོགས་སུ་འགྲོ་བ་ཡིན། བཟའ་བཏུང་ཚོད་མེད་དུ་བསྟེན་ནས་དུས་ཡུན་རིང་པོར་སྣུམ་བཅུད་མངར་མོའི་རིགས་ཏེ། དཔེར་ན་འཁྱགས་ཞོ་དང་སྤྲི་གོར། མངར་ཟས་སོགས་བསྟེན་པ་ཡིན་ན། ཚོ་མི་གསོག་པ་དཔེ་མི་སྲིད། དུས་མཚུངས་སུ་བཟའ་བཏུང་ལ་ཟས་ཚོད་མ་བཟུང་ན་འཚེར་བའི་བྱེད་ནུས་ལའང་གནོད་པས། དེ་ཡང་ཚོ་གསོག་པའི་རྐྱེན་གྲོགས་སུ་འགྱུར་བ་ཡིན། ལྡོག་སྟེ་ཟས་ཚོད་སྡོམ་ཆེ་ན། ཕོ་བ་མི་འགྲང་བའི་གནས་སྐབས་སུ་ཡུན་རིང་ལུས་ཏེ། ལུས་ཕུང་ལ་ངེས་པར་མཁོ་བའི་བཅུད་ཀྱིས་མི་འདང་བར་འགྱུར་ལ། དེ་ལྟར་བྱུང་ན་འཚེར་བའི་བྱེད་ལས་ཇེ་ཆེར་འགྲོ་བ་དང་། དྭངས་མའི་དྭངས་མ་སྐྱེལ་འདྲེན་གྱི་ལས་ལ་ཚེགས་ཆེ་བ་བྱུང་སྟེ་མཐའ་མ་ངལ་བར་འགྱུར་བ་ཡིན། དེ་ཡང་དུས་ཡུན་རིང་པོར་སོང་ཚེ་འཚེར་བར་གནོད་དེ་བྱེད་ནུས་ཉམས་པར་འགྱུར་ངེས་ལ། ཆུའི་དྭངས་སྙིགས་ལེགས་པར་འབྱེད་པའི་ལས་རྒྱུན་ལྡན་དུ་བྱེད་མི་ནུས་པས། ཆུ་འཐུང་ནའང་ཚོ་གསོག་ཅེས་པ་ནི་གནད་དེ་ལ་ཐུག

གཞན་དུ་བཟའ་བཏུང་ལ་ཚོད་འཛིན་ན་ངེས་པར་རན་པོ་ཡོང་དགོས། དུས་ཡུན་རིང་པོར་ཕོ་བ་ལྟོགས་སྣང་གི་སྐབས་སུ་ལུས་ན། འཚེར་བའི་བྱེད་ནུས་ལ་གནོད་ཁོ་ཐག་ཡིན། བཟའ་བཏུང་གི་སྡེབ་ཁ་ལུགས་དང་མཐུན་ལ། འཚོ་བཅུད་སྣ་ཚོགས་ཚད་དང་རན་པ། དུས་ཐོག་ཚད་ཐོག་ཏུ་བསྟེན་པ་དང་། འགྲོ་འདུག་སྤྱོད་ལམ་ཡང་དེ་ལྟར་ཚན་རིག་དང་མཐུན་པར་འགུལ་སྐྱོད་བྱེད་པ་དང་། དོན་མེད་དུ་མཚན་མི་སྐྱེལ་བ། དུས་ལྟར་མལ་ལས་ལངས་པ་སོགས་ལེགས་པར་བསྟེན་པ་ནི་ཚོ་སྦྱོང་བའི་ཐབས་ཡང་དག་འབའ་ཞིག་གོ།

རྩོམ་སྒྲིག་པ། འབྲུག་མོ།