ཕོ་བའི་འབྲས་སྐྲན་ཇི་ལྟར་སྔོན་འགོག་བྱ་དགོས།
2024.02.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

དང་པོ། ཚགས་སྒོ་དུང་འཁྱིལ་ནར་སྲིན་ལ་སྨན་བཅོས་བྱེད་པ།

ཚགས་སྒོ་དུང་འཁྱིལ་ནར་སྲིན་ནི་ཕོ་བའི་འབྲས་སྐྲན་ལ་དམིགས་བསལ་དུ་ཡོད་པའི་ཉེན་མཐོའི་རྒྱུ་རྐྱེན་ཞིག་ཡིན་ལ། རང་རྒྱལ་དུ་ཕོ་བའི་འབྲས་སྐྲན་སློང་བའི་གཏེ་བོའང་ཡིན། ཞིབ་འཇུག་ལས་ཤེས་པ་ལྟར་ན། ཚགས་སྒོ་དུང་འཁྱིལ་ནར་སྲིན་རྩ་མེད་དུ་བཏང་ན་ཕོ་བའི་འབྲས་སྐྲན་གྱི་འབྱུང་ཚད་ནུས་ལྡན་ངང་སྔོན་འགོག་བྱས་ཏེ། ཕོ་བའི་འབྲས་སྐྲན་འབྱུང་ཚད39%ཡིས་ཇེ་དམའ་རུ་གཏོང་ཐུབ། དེ་བས་ལོ་རེར་ལུས་ཕུང་ལ་བརྟག་དཔྱད་བྱེད་སྐབས་ཚགས་སྒོ་དུང་འཁྱིལ་ནར་སྲིན་བཤེར་འཇལ་བྱེད་དགོས་ལ། གལ་ཏེ་མཇུག་འབྲས་གདགས་གཤིས་ཡིན་ན། སྨན་པའི་ངག་བཞིན་སྨན་འཐུང་ནས་རྩ་མེད་དུ་གཏོང་རྒྱུ་གལ་ཆེ།

གཉིས་པ། བདེ་ཐང་གི་འཚོ་བའི་གོམས་གཤིས་ཆགས་སུ་འཇུག་པ།

ཡུན་རིང་ལ་ཟས་སྤྱོད་མི་ལེགས་པ་བསྟེན་ན་ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་ངེས་པས། ངེས་པར་དུ་མང་བཞི་ཉུང་གསུམ་གྱི་ཟས་སྤྱོད་གོམས་གཤིས་རྒྱུན་འཁྱོངས་བྱེད་དགོས་ཏེ།

མང་བཞི་ནི།

1.ཟ་མ་སྣ་མང་ཟོས་ཏེ། བཟའ་བཏུང་ཆ་སྙོམས་དང་འཚོ་བཅུད་དོ་མཉམ་ཡོང་བར་བྱེད་པ།

2.ཤ་གསར་པ་དང་ཁྱད་པར་དུ་བྱ་ཤ་དང་ཉ་ཤ ཞྭ་སྨི་གསར་པ་སོགས་མང་ཙམ་ཟ་བ།

3.ལུས་སྦྱོང་མང་ཙམ་བྱས་ནས། བདེ་ཐང་གི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་པ།

4.སྔོ་ཚོད་དང་སིལ་ཏོག་གསར་པ་མང་ཙམ་ཟ་བ།

ཉུང་གསུམ་ནི།

1.བཟའ་བཅའ་བསྙལ་མའི་རིགས་ཉུང་ཟ་བྱེད་པ།

2.བཟའ་བཅའ་བསྲེགས་མའི་རིགས་ཉུང་ཟ་བྱེད་པ།

3.ཆང་དང་དུ་བ་གཅོད་པ།

3.དུས་ལྟར་ལུས་ཕུང་བརྟག་དཔྱད་བྱེད་པ་དང་གནད་དོན་ཡོད་ན་དུས་ཐོག་ཏུ་སྨན་བཅོས་བྱེད་པ།

ཕོ་བའི་འབྲས་སྐྲན་ནི་སྤྱིར་བཏང་དུ་དལ་གཤིས་ཕོ་བའི་གཉན་ཚད་ནས་རྒྱུ་མའི་སྟེང་ལྤགས་སྐྱེ་འགྱུར་དང་། དེ་ནས་དབྱིབས་ཐ་དད་པའི་འཚར་སྐྱེ་དང་སྐྲན་འགྱུར་སོགས་ཀྱི་གོ་རིམ་བརྒྱུད་དེ་བྱུང་བ་ཡིན་པས། རབ་ཡིན་ན་དུས་བཅད་ལྟར་ལུས་ཕུང་བརྟག་དཔྱད་བྱེད་པའི་གོམས་གཤིས་ཆགས་དགོས། གལ་ཏེ་དལ་གཤིས་ཕོ་བའི་ཟགས་རལ་དང་ཕོ་བའི་ཤ་ལུ། དལ་གཤིས་རྙིད་འཁུམས་ཕོ་ཚད་སོགས་ཀྱི་ནད་ཡོད་པའི་ཁར། ཕོ་བ་ན་བ་དང་རྩ་ནང་དུ་ཁྲག་འདྲེས་པ་སོགས་ཀྱི་ནད་རྟགས་ཡོད་ན། ངེས་པར་དུ་ཚད་ལྡན་ངང་སྨན་བཅོས་དང་དུས་བཅད་ལྟར་བསྐྱར་བརྟག་བྱ་དགོས། །

རྩོམ་སྒྲིག་པ། འབྲུག་མོ།