ལོ་ལོན་རྒན་པས་ཟས་ཟ་ཚད་ཉུང་ན་ནད་འབྱུང་སྲིད།
2024.02.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13

གཅིག ཟས་ཐུན་ཇེ་མང་དང་ཟ་ཚད་ཇེ་ཉུང་ལ་གཏོང་དགོས།

རྒན་པ་མང་པོའི་སོ་ཡི་ནུས་པ་ཉམས་པ་དང་། འཇུ་སྟོབས་མི་བཟང་བས། ཟ་མའི་ཡི་ག་ཇེ་ཞན་དུ་གྱུར་ནས་ཟ་ཚད་ཉུང་བ་དང་འཚོ་བཅུད་ཀྱིས་མི་འདང་བའི་སྣང་ཚུལ་འབྱུང་བཞིན་ཡོད། དེར་བརྟེན། རྒན་པ་རྣམས་ཀྱི་བཟའ་བཏུང་དེ་ཉུང་ཞིང་ཉིང་བཅུད་ལྡན་དགོས་པ་ལས་གང་འདོད་ལྟར་བྱེད་མི་རུང་། ཉིན་གཅིག་གི་ཟས་ཐུན་གསུམ་པོ་ཕན་ཆད་ནས་ད་དུང་ཟས་ཐུན་གཉིས་སམ་གསུམ་ཁ་སྣོན་བྱེད་དགོས་ཏེ། དཔེར་ན་ཞོགས་ཟས་ནས་གུང་ཟས་ཀྱི་བར་དུ་ཟས་ཐུན་གཅིག་ཁ་སྣོན་བྱེད་དགོས་པ་དང་། གུང་ཟས་ནས་དགོང་ཟས་ཀྱི་བར་དུའང་ཟས་ཐུན་གཅིག་ཁ་སྣོན་བྱེད་དགོས། ད་དུང་ལོ་ལོན་རང་ཉིད་ཀྱི་གནས་ཚུལ་དང་བསྟུན་ནས་ལ་ལར་དགོང་ཟས་རྗེས་ཀྱི་དུས་ཡུན་ངེས་ཅན་ཞིག་འགོར་རྗེས་ད་དུང་ཟས་ཐུན་གཅིག་ཁ་སྣོན་བྱེད་དགོས་པ་ཡིན།

དེ་ལས་གཞན། རྒན་པའི་ཟས་རིགས་དེ་ཞིབ་བུར་འཐག་ནས་ཚོས་ཐག་ཆོད་དུ་འཇུག་རྒྱུ་ནི་ཤིན་ཏུ་གལ་ཆེ། ཤིང་འབྲས་དང་རྩིང་ཕྱེ་སོགས་ཟས་རིགས་རགས་མོ་དང་རྩུབ་མོའི་རིགས་ཀྱང་ཞིབ་བུར་བཟོས་ནས་ཟ་དགོས་པར་མ་ཟད། སྔོ་ཚོད་གསར་བའི་རིགས་དང་སིལ་ཏོག་གསར་བའི་རིགས་ཀྱང་ཞིབ་བུར་བཟོས་ནས་ཟ་རུ་འཇུག་དགོས།

གཉིས། འཚོ་བཅུད་ཀྱིས་འདང་དགོས།

རྒན་པ་རྣམས་ཀྱི་ལུས་ཕུང་ཇེ་ཞན་དུ་གྱུར་བ་དང་ཟ་མའི་ཡི་ག་ཉམས་པ་དང་བསྟུན་ནས་ལུས་སྟེང་དུ་གཏེར་རྒྱུ་དང་འཚོ་རྒྱུ་བེ་ཧྲིན་སུའུ་སོགས་ཀྱིས་མི་འདང་བའི་གནས་ཚུལ་བྱུང་ནས། ཟུངས་ཁྲག་ཉམས་པ་དང་ལུས་ཚོ་བྱང་བའི་གནས་ཚུལ་སྣ་ཚོགས་འབྱུང་བཞིན་ཡོད། གནས་ཚུལ་འདི་དག་བྱུང་ན་ལུགས་མཐུན་སྒོས་བཟའ་བཏུང་བསྟེན་ནས་གསོ་དགོས།

ཉིན་རྒྱུན་གྱི་བཟའ་བཏུང་གི་ཁྲོད་དུ། ལུགས་མཐུན་སྒོས་འཚོ་བཅུད་ལྡན་པའི་ཟས་རིགས་སམ་ཡང་ན་འཚོ་རྒྱུ་སྣ་ཚོགས་བསྟེན་ནས་རྒན་པའི་ལུས་ཟུངས་གསོ་དགོས། ལོ་ན་བརྒྱད་ཅུར་བུད་པའི་རྒན་པ་རྣམས་ཀྱིས་ཟས་རིགས་སྙི་མོའི་རིགས་ཟ་དགོས། ཟུངས་ཁྲག་ཉམས་པ་དང་ཀའེ་དང་འཚོ་རྒྱུ་བེ་ཧྲིན་སུའུ་ཡིས་མི་འདང་བའི་རྟགས་བྱུང་ན། འཚོ་བཅུད་ཕྱོགས་ཀྱི་ཆེད་མཁས་པ་དང་སྨན་པའི་ངག་བཀོད་ལྟར། མི་རང་ཉིད་ཀྱི་འཚོ་བཅུད་ཀྱི་དགོས་མཁོ་དང་བསྟུན་ནས་ཟས་རིགས་བདམས་པའམ་ཡང་ན་འཚོ་རྒྱུའི་ཁ་གསབ་རྫས་བཀོལ་དགོས།

རྒན་པ་ཚོས་ཆང་ཉུང་འཐུང་བྱེད་པ་དང་། ཇ་ཁ་བོ་མི་འཐུང་བ། སྨན་འཐུང་སྐབས། དེ་དང་མཐུན་པའི་འཚོ་རྒྱུའི་ཁ་གསབ་རྫས་ཀྱང་བཀོལ་བར་དོ་སྣང་བྱེད་དགོས།

གསུམ། རང་འགུལ་གྱིས་ཆུ་ཁོལ་མང་པོ་འཐུང་དགོས།

ལུས་སྟེང་དུ་ཆུས་མ་འདང་ན་རྒན་པ་ཚོས་ལུས་ཕུང་བདེ་ཐང་ལ་ཤུགས་རྐྱེན་མངོན་གསལ་ཡོད་པས། དུས་རྒྱུན་དུ་རང་འགུལ་སྒོས་ཆུ་འཐུང་བའི་གོམས་སྲོལ་ཆགས་སུ་འཇུག་དགོས། ཆུ་འཐུང་དུས་ཉུང་ཉུང་བྱས་ནས་ཐེངས་གྲངས་མང་པོར་འཐུང་དགོས། ཞོགས་པར་མལ་ལས་ལངས་རྗེས་དང་དགོང་མོ་གཉིད་ཁའི་སྔོན་གྱི་དུས་ཚོད་གཅིག་ནས་གཉིས་ཀྱི་ནང་དུ་ཆུ་འཐུང་བ། འགུལ་སྐྱོད་མ་བྱས་གོང་དང་བྱས་རྗེས་བཅས་སུའང་ཆུ་འཐུང་དགོས་ལ། ཁ་སྐོམ་དུས་མ་གཏོགས་ཆུ་མི་འཐུང་བའི་གོམས་སྲོལ་དེ་བསྒྱུར་དགོས།

རྒན་པ་རྣམས་ཀྱིས་ཉིན་རེར་ཆུའི་འཐུང་ཚད་ཧོ་ཧྲིན1200ལས་ཉུང་མི་རུང་ལ། རབ་ཡིན་ན་ཆུ་ཧོ་ཧྲིན1500ནས1700ཙམ་འཐུང་ན་བཟང་། ཆུ་འཐུང་དུས་ཆུ་ཁོལ་དྲོད་འཇམ་ཡིན་ན་བཟང་བ་དང་། མི་རང་ཉིད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་ད་དུང་གཏེར་ཆུ་དང་ཇ་དྭངས་མོའང་འཐུང་ཆོག

བཞི། བཟའ་བཏུང་དང་འགུལ་སྐྱོད་གཉིས་ཟུང་འབྲེལ་བྱས་ནས། ཤ་གྲིམ་ཉམས་རྒུད་དུ་འགྲོ་རུ་འཇུག་མི་རུང་།

ཤ་གྲིམ་ནི་ལུས་ཕུང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཤ་གྲིམ་ཉམས་རྒུད་དུ་འགྲོ་རུ་མ་བཅུག་ན། རྒན་པའི་རང་བདག་ནུས་པ་དང་འགུལ་སྐྱོད་ནུས་པ། བདེ་ཐང་གི་གནས་ཚུལ་བཅས་ལ་ཕན་ཐོགས་ཆེན་པོ་ཡོད། ཤ་གྲིམ་གྱི་ནུས་པ་ཉམས་རྒུད་དུ་འགྲོ་རུ་མི་འཇུག་པའི་ཐབས་ནི། བཟའ་བཏུང་དང་འགུལ་སྐྱོད་གཉིས་ཟུང་འབྲེལ་བྱེད་དགོས་ཏེ། ཕྱོགས་གཅིག་ནས་སྤུས་ལེགས་སྤྲི་དཀར་འདུས་པའི་ཟས་རིགས་མང་པོ་ཟ་བ་དང་། ཕྱོགས་གཞན་ཞིག་ནས་ལུས་ཕུང་སྦྱོང་བརྡར་བྱེད་རྒྱུ་དེ་ཡིན།

རྒན་པ་རྣམས་ཧུར་ཐག་གིས་སྒོའི་ཕྱི་རོལ་གྱི་བྱ་འགུལ་སྣ་ཚོགས་ལ་ཞུགས་དགོས། སྒོའི་ཕྱི་རོལ་ནས་ལུས་སྟེང་དུ་ཉི་འོད་ཕོག་ན་རུས་སོབ་དང་ཤ་གྲིམ་ཉམས་རྒུད་དུ་འགྲོ་ཚད་ཇེ་དལ་དུ་གཏོང་ཐུབ་པ་ཡིན། འགུལ་སྐྱོད་བྱེད་ཚད་དེ་མི་རང་ཉིད་ཀྱི་ལུས་སྟོབས་དང་ལུས་ཕུང་བདེ་ཐང་གི་གནས་ཚུལ་ལྟར་བྱེད་དགོས། སྤྱིར་ཉིན་རེར་སྒོའི་ཕྱི་རོལ་ནས་ཐེངས་གཅིག་ནས་གཉིས་ཙམ་ལ་སྦྱོང་བརྡར་བྱེད་དགོས་པ་དང་། སྦྱོང་བརྡར་བྱེད་ཐེངས་རེར་དུས་ཡུན་སྐར་མ་སུམ་ཅུ་ནས་དྲུག་ཅུ་ཙམ་ལ་བྱེད་དགོས་ཏེ། དཔེར་ན། དལ་མོར་འགྲོ་བ་དང་། འཆམ་འཆམ་དུ་འགྲོ་བ། ཐའེ་ཅི་དྲག་རྩལ་སྦྱོང་བ་བཅས་བྱེད་དགོས། ལུས་སྟོབས་ཅུང་བཟང་བའི་རྒན་པ་རྣམས་ཀྱིས་ལུས་སྦྱོང་བྱེད་ཚད་ཅུང་ཇེ་དྲག་ཏུ་བཏང་ཆོག་སྟེ། དཔེར་ན། མགྱོགས་པོར་འགྲོ་བ་དང་། སྐོར་བྲོ་རྩེད་པ། ལྒང་ལིའི་རིགས་སྣ་ཚོགས་བཅས་རྩེད་ཆོག འགུལ་སྐྱོད་བྱེད་ཚད་དེ་ལུས་ཕུང་ཅུང་རྔུལ་བའི་ཚད་དུ་སླེབས་པའམ་ཡང་ན་ཉིན་རེར་གོམ་པ་སྟོང་དྲུག་ཙམ་ལ་འགྲོ་དགོས།

ཐེངས་རེར་སྦྱོང་བརྡར་བྱེད་ཚད་དེ་འདྲའི་ཚད་ལས་བརྒལ་མི་རུང་བ་དང་དུས་ཡུན་ཡང་རིང་མི་རུང་། ཐེངས་མང་པོར་སྦྱོང་བརྡར་བྱེད་པ་དང་ཐེངས་རེར་དུས་ཡུན་སྐར་མ་བཅུ་ལས་བརྒལ་མི་རུང་།

ལྔ། ཉིན་རེར་ཆེས་ཉུང་ནའང་ཟས་རིགས་སྣ་ཁ་བཅུ་གཉིས་ཡན་ཟ་དགོས།

རྒན་པ་རྣམས་ཀྱིས་རྒྱུན་པར་སྤུས་ལེགས་སྤྲི་དཀར་རིགས་འདུས་ཚད་མཐོ་བའི་ཟས་རིགས་ཟ་དགོས་པ་དང་། ལྷག་པར་དུ་སྐམ་ཤ་དང་ལུག་ཤ ཉ་ཤ འོ་མ་དང་སྲན་མའི་རིགས་སོགས་མང་པོ་ཟ་དགོས། དེ་ལས་གཞན་སྔོ་ཚོད་དང་སིལ་ཏོག་གི་རིགས་སྣ་ཚོགས་ཟ་བ་དང་སྲོག་ཆགས་ཀྱི་མཆིན་པ་དང་སྒོང་སེར་སོགས་ཀྱང་ཉུང་ཙམ་ཟོས་ན་བཟང་། ཉིན་རྒྱུན་འོ་མ་འཐུང་དགོས་ལ། ཁྲག་ཚིལ་མཐོ་བ་དང་ལུས་ཚོ་བའི་རྒན་པ་ཚོས་བཅུད་ཉུང་བ་དང་བཅུད་མེད་པའི་འོ་མ་འཐུང་ཆོག

ཉིན་རྒྱུན་སྲན་མ་དང་སྲན་མ་ལས་བཟོས་པའི་ཟས་རིགས་སྣ་ཚོགས་ཟ་དགོས། རྒན་པ་ཚོས་ཉིན་རེར་མ་མཐའ་ཡང་ཟས་རིགས་སྣ་ཁ་བཅུ་གཉིས་ཙམ་ཟ་དགོས་པ་དང་། ཟ་མའི་ནང་དུ་ཚྭ་ཉུང་བ་དང་སྣུམ་ཉུང་བ། ཀ་ར་ཉུང་བ། ཁ་ཚའི་རིགས་བཅས་ཉུང་དགོས་ཤིང་། ཟས་ཐུན་རེ་རེར་ཟས་སྣ་མི་འདྲ་བ་དུ་མ་འཛོམས་དགོས།

དྲུག ལུས་ཚོ་རན་པར་བྱེད་དགོས།

རྒན་པ་རྣམས་ཀྱི་ལུས་ཚོ་རན་དགོས་ཏེ། ལུས་ཚོ་བའམ་ལུས་སྐམ་དྲགས་ན་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། ལྷག་པར་དུ“ ལོ་རྒས་བ་དང་བསྟུན་ནས་ལུས་ཕུང་སྐམ་ན་བཟང་བའི”སྲོལ་རྒྱུན་གྱི་ལྟ་ཚུལ་རྙིང་བ་དེ་ངེས་པར་དུ་བསྒྱུར་དགོས། གལ་ཏེ་ལུས་ཚོ་དྲགས་པའམ་སྐམ་དྲགས་ན་བཟའ་བཏུང་གི་བསྟེན་ཚད་བསྐྱར་དུ་ལེགས་སྒྲིག་བྱས་ནས་ལུས་ཚོ་རན་པར་བྱེད་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།