བརྙན་རིས་བརྟག་དཔྱད་བྱེད་སྐབས་མཉམ་འཇོག་བྱེད་དགོས་པའི་གནད་དོན་འགའ།
2024.03.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

བརྙན་རིས་བརྟག་དཔྱད་ནི་ནད་གཞི་ངོས་འཛིན་བྱེད་ཀྱི་གཞོགས་འདེགས་བརྟག་ཐབས་གལ་ཆེན་ཞིག་ཡིན་ལ། དེའི་མཇུག་འབྲས་ཀྱིས་བྱང་ཁོག་གི་གྲུབ་ཚུལ་མངོན་པར་མཐོང་བ་ཡིན། དེ་ལའང་བརྙན་རིས་བརྟག་དཔྱད་བྱེད་སྐབས་མཉམ་འཇོག་དགོས་པའི་དོན་བྱ་གལ་ཆེན་འགའ་ཡོད་དེ། དེ་དག་བརྩི་སྲུང་བྱས་ན་བརྟག་དཔྱད་ཀྱི་མཇུག་འབྲས་ཡང་དག་པ་ཡོང་བར་ཕན་པ་ཡིན།

གཅིག སྨན་པའི་དྲི་བར་ཞིབ་ཏུ་ལན་འདེབས་པ། བརྙན་རིས་བརྟག་དཔྱད་མ་བྱས་པའི་སྔོན་ལ། ནད་པས་སྨན་པར་རང་གི་ནད་རྟགས་དང་ཚོར་ལྷག་གི་ནད་རྒྱུས། རང་ལ་ནད་གང་བྱུང་གི་ལོ་རྒྱུས་སོགས་ཞིབ་ཏུ་བརྗོད་ན། སྨན་པས་ནད་གཞི་ངོས་འཛིན་པར་གྲོགས་སུ་འགྲོ་བ་ཡིན་ལ། བརྟག་དཔྱད་གང་དང་གང་བྱེད་དགོས་པའང་གསལ་བར་འགྱུར། གལ་ཏེ་སྦྲུམ་མ་དང་ནུ་མ་སྣུན་བཞིན་པའི་བུད་མེད་ཡིན་ན། དེ་ལུགས་ཀྱང་སྨན་པར་མ་གསང་དྲང་བོར་བརྗོད་དགོས་པ་ཡིན།

གཉིས། གྲ་སྒྲིག་གི་བླང་བྱ་དམ་དུ་སྲུང་བ། བརྙན་རིས་བརྟག་དཔྱད་མི་འདྲ་བ་རེ་ལ་གྲ་སྒྲིག་གི་བླང་བྱའང་མི་འདྲ་བ་རེ་ཡོད་དེ། དཔེར་ན། ལ་ལ་ལྟོ་སྟོང་དུ་བརྟག་དགོས་ལ། ལ་ལར་གཏན་འཁེལ་གྱི་སྨན་འཐུང་དགོས་པའང་ཡོད་པ་ལྟར་རོ། ། དེ་བས་ནད་པས་བརྟག་དཔྱད་མ་བྱས་པའི་སྔོན་ལ་བླང་བྱ་གང་ཡོད་རྒྱུས་ལོན་བྱེད་དགོས་པར་མ་ཟད་བརྩི་སྲུང་བྱེད་དགོས་ཏེ། དེ་ལྟར་བགྱིས་ན་བརྟག་འབྲས་ཀྱི་དག་ཚད་ལ་ཁག་ཐེག་བྱེད་ཐུབ།

གསུམ། ལྕགས་རིགས་འཛིན་མི་རུང་བ། བརྙན་རིས་བརྟག་དཔྱད་འགའ་ཞིག་སྟེ། དཔེར་ནNMRལྟ་བུ་ལ་བརྟག་དུས། ལུས་ལ་ལྕགས་རིགས་འཛིན་མི་རུང་སྟེ། ལྕགས་རིགས་ཀྱིས་བརྙན་རིས་ཀྱི་བརྟག་འབྲས་ལ་བར་ཆད་བཟོ་བར་མ་ཟད་མི་ལུས་ལ་གནོད་པའང་བཟོ་སྲིད་པས། བརྟག་དཔྱད་མ་བྱས་སྔོན་ལ། ནད་པས་ལུས་ལ་ལྕགས་རིགས་ཀྱི་རྒྱན་ཆ་དང་ཆུ་ཚོད། ལག་འཁྱེར་ཁ་པར། དོང་ཙེ་སོགས་བཟུང་ཡོད་མེད་ལ་ཞིབ་ཏུ་བལྟ་དགོས་པར་མ་ཟད། སྨན་པར་རང་གི་ལུས་ལ་སྙིང་འདེགས་བྱེད་དང་མིས་བཟོས་ལྷུ་ཚིགས་སོགས་ལྟ་བུ་སྤྲད་ཡོད་མེད་མ་གསང་དྲང་བོར་བརྗོད་དགོས།

བཞི། སྨན་པའི་ངག་བརྩི་བ། བརྙན་རིས་བརྟག་དཔྱད་བྱེད་སྐབས། རང་གི་འདུག་སྟངས་དང་འབྱིན་རྔུབ་བྱེད་ཐབས་སོགས་སྨན་པའི་ངག་བཞིན་བསྟེན་དགོས་ཏེ། དེ་ལས་བརྙན་རིས་གསལ་པོ་ཡོང་བར་ཕན་ལ། ནད་གཞི་ཡང་དག་པར་ངོས་འཛིན་པ་ལའང་ཕན་པ་ཡིན།

ལྔ། བརྟག་དཔྱད་ལ་མཁོ་བའི་སྨན་གྱི་བསྟེན་ཐབས་ལ་མཉམ་འཇོག་པ། བརྙན་རིས་ཀྱི་བརྟག་དཔྱད་འགའ་ཞིག་ལ་གཏན་འཁེལ་གྱི་སྨན་བསྟེན་དགོས་ཏེ། དེ་ལ་བརྟེན་ནས་ཕུང་གྲུབ་དང་དབང་བོ་འགའ་ཞིག་མངོན་པར་གསལ་བར་བྱེད་པ་ཡིན། སྨན་མ་བསྟེན་སྔོན་ལ། ནད་པས་སྨན་པ་ལ་སྨན་དེ་རིགས་ལ་ཚོར་ལྷག་འབྱུང་རྒྱུ་ཡོད་མེད་གསལ་པོར་བརྗོད་དགོས་ལ། རང་གི་མཁལ་མའི་ནུས་པ་རྒྱུན་ལྡན་ཡིན་མིན་གསལ་པོར་བརྗོད་དགོས། གཞན་དུ། སྨན་བསྟེན་ནས་བརྟག་དཔྱད་བྱས་རྗེས། ཆུ་མང་དུ་འཐུང་ནས་གཅིན་འབབ་ཚད་ཇེ་མང་དུ་གཏོང་དགོས་ཏེ། དེ་ནི་སྨན་རྫས་མྱུར་བར་དོར་ནས་མཁལ་མའི་བྱེད་ནུས་ལ་སྲུང་སྐྱོབ་བྱེད་ཆེད་ཡིན།

དྲུག འགྱེད་འཕྲོའི་བདེ་འཇགས་ལ་མཉམ་འཇོག་པ། Xའགྱེད་འོད་དངCTབཤེར་ཆས་སོགས་འགྱེད་འཕྲོ་ཅན་གྱི་བརྟག་དཔྱད་བྱེད་སྐབས། འགྱེད་འཕྲོས་ཕོག་པའི་ཐེངས་གྲངས་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས། ནང་སྒོས་སུ་བྱིས་པ་དང་སྦྲུམ་མས་མཉམ་འཇོག་དགོས། བརྟག་དཔྱད་དེ་རིགས་ཀྱི་སྔོན་ལ། འགྱེད་འཕྲོའི་གནོད་པ་དང་བདེ་འཇགས་ཡོང་ཐབས་ཀྱི་སྐོར་ནས་སྨན་པ་དང་བགྲོ་གླེང་ལེགས་པར་བྱས་རྗེས། ད་གཟོད་བརྟག་དཔྱད་བྱེད་དགོས་མིན་ཐག་གཅོད་དགོས།

བདུན། བརྟག་དཔྱད་བྱས་རྗེས་ཀྱི་མཉམ་འཇོག་བྱ་ཡུལ། བརྙན་རིས་བརྟག་དཔྱད་བྱས་ཚར་རྗེས། བརྟག་དཔྱད་ཅི་ཡོད་གང་བྱེད་སྨན་པའི་ངག་ལ་ཉན་དགོས། །

རྩོམ་སྒྲིག་པ། འབྲུག་མོ།