གློ་བའི་གཅོང་ནད་ཀྱི་འབྱུང་རྐྱེན་དང་སྔོན་འགོག་བྱེད་ཐབས་སྐོར།
2024.03.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

གློ་གཅོང་ནད་ནི་མིང་ལ་འདུས་འདྲིལ་སྲིན་འབུ་ཟེར་བའི་འབུ་ཕྲ་ཞིག་གློ་བར་འགོས་ནས་བསླངས་པའི་ཅུང་དལ་བའི་རང་བཞིན་གྱི་འགོས་ནད་ཅིག་ཡིན། དེ་གཙོ་བོ་མཁའ་དབུགས་བརྒྱུད་ནས་གློ་བར་འགོ་བའི་གཅོང་ནད་ཅིག་ཡིན་པས་གློ་གཅོང་ཟེར་བ་ཡིན་ལ། མིའི་རིགས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་ཀྱིན་ཡོད།

གློ་གཅོང་ནད་འགོ་ཚུལ།

གློ་གཅོང་ནད་པས་གློ་ལུ་རྒྱག་པ་དང་སྣ་སྦྲིད་རྒྱག་པ། སྐད་གསང་མཐོན་པོས་ཁ་བརྡ་བྱེད་པ་དང་དགོད་པ། གླུ་དབྱངས་ལེན་པ་སོགས་ཀྱི་སྐབས་སུ་འདུས་འདྲིལ་སྲིན་འབུ་འདུས་པའི་མཆིལ་ཟགས་དེ་ནད་པའི་གློ་གསེང་དང་གློ་སྦུག་ལས་ཕྱིར་ཐོན་ཏེ་མཁའ་དབུགས་ཁྲོད་དུ་འགྲེམས་པ་དང་། མི་རྣམས་ཀྱིས་དེ་འབྱིན་རྔུབ་བྱས་ཚེ་གློ་གཅོང་ནད་འགོས་པ་རེད། འདི་ནི་གློ་གཅོང་ནད་ཀྱི་འགོ་ལམ་གཙོ་བོ་ཡང་ཡིན། ལུད་པའི་ནང་དུ་འདུས་འདྲིལ་སྲིན་འབུ་འདུས་པའི་གློ་གཅོང་ནད་པས་འདུས་འདྲིལ་སྲིན་འབུ་བསྒོ་ཐུབ་པ་ལས་གློ་གཅོང་ནད་པ་ཡོད་ཚད་ཀྱིས་མི་གཞན་ལ་གློ་གཅོང་ནད་བསྒོ་མི་སྲིད། གློ་གཅོང་ནད་པས་ཁ་ལུད་གང་སར་འཕངས་ཚེ་ཐང་གི་ཁ་ལུད་སྐམ་རྗེས་ས་རྡུལ་དང་འགྲོགས་ནས་མཁའ་དབུགས་ཁྲོད་ཁྱབ་པ་དང་། བདེ་ཐང་གི་མིས་དེ་འབྱིན་རྔུབ་བྱས་ཚེ་ནད་དེ་འགོས་པ་རེད། དེ་བས་དུས་རྒྱུན་དུ་ཁ་ལུད་གང་སར་འཕེན་མི་རུང་།

འགོ་སླ་བའི་མི་ཚོགས།

ནད་འདི་མི་སུ་ལའང་འགོ་བའི་ཉེན་ཁ་ཆེ་མོད། འོན་ཀྱང་བྱིས་པ་དང་ན་གཞོན་ལོ་ཆུང་། རྒན་པ། གཅིན་སྙི་ཟ་ཁུའི་ནད་པ། རིམས་འགོག་ནུས་སྟོབས་ཞན་པ་དང་རིམས་འགོག་སྨན་རྫས་འཐུང་མཁན། ཨེ་ཙི་ནད་དུག་འགོས་ཡོད་མཁན། ལུས་སྟོབས་ཞན་པ། ཕོ་བའི་ཆ་ཤས་བླངས་ཟིན་པའི་མི་རྣམས་ནི་འགོ་ཉེན་ཆེས་ཆེ་བའི་མི་ཚོགས་ཡིན།

ནད་རྟགས།

གློ་གཅོང་གི་ནད་བྱུང་རྗེས་གཙོ་བོ་གློ་ལུ་བ་དང་ལུད་པ་མང་བ། ལུད་པའི་ནང་དུ་ཁྲག་འདྲེས་པ། བྲང་ཁ་གཟེར་བ། དབུགས་འབྱིན་རྔུབ་བྱེད་དཀའ་བ་སོགས་ཀྱི་ནད་རྟགས་འབྱུང་བ་དང་། གཞན་ད་རུང་ཐང་ཆད་པ་དང་ཟ་མ་བཟའ་མི་འདོད་པ། ཤ་རིད་པ། ལུས་ལ་ཚ་རྒྱས་པ། དགོང་མོ་ཉལ་སའི་ནང་རྔུལ་ཆུ་འབྱུང་བ་སོགས་ཀྱི་ནད་རྟགས་ཀྱང་འབྱུང་ངེས་པས། གལ་ཏེ་བསྟུད་མར་གློ་ལུ་བ་དང་ལུད་པ་མང་བ་སོགས་ཀྱི་ནད་རྟགས་བྱུང་ནས་གཟའ་འཁོར་གཉིས་ཡན་འགོར་བའམ་ཡང་ན་ལུད་པའི་ནང་དུ་ཁྲག་འདྲེས་ན་མྱུར་དུ་སྨན་བཅོས་བྱེད་དགོས།

བརྟག་དཔྱད་བྱེད་ཐབས།

གཅིག ལུད་པར་བརྟག་པ། ལུད་པའི་ནང་དུ་འདུས་འདྲིལ་སྲིན་འབུ་དང་ཡང་ན་འདུས་འདྲིལ་སྲིན་འབུའིDNAཡོད་མེད་ལ་བརྟག་དགོས།

གཉིས། བྲང་ཁའིxའོད་ལེབ་དང་ཡང་ནCTཔར་བླངས་ནས། རྒྱུན་ལྡན་མིན་པའི་གྲིབ་མ་ཡོད་མེད་ལ་ལྟ་བ།

གསུམ། ནད་རྟགས་དང་ལུས་པོར་བརྟག་པ། གློ་ལུ་བ་དང་ལུད་པ་མང་བ། ཡང་ན་ལུད་པའི་ནང་དུ་ཁྲག་འདྲེས་བ། བྲང་ཁ་ན་བ། དབུགས་འབྱིན་རྔུབ་བྱེད་དཀའ་བ། ལུས་ཐང་ཆད་པ། ཟས་ལ་ཡི་ག་མེད་པ། ཤ་རིད་པ། ལུས་ལ་ཚ་རྒྱས་པ། དགོང་མོར་ཉལ་སའི་ནང་རྔུལ་ཆུ་མང་བ་སོགས་ཀྱི་ནད་རྟགས་ཡོད་པ།

སྔོན་འགོག་བྱེད་ཐབས།

སྔ་མོ་ནས་ནད་ངོས་འཛིན་བྱེད་པ་ནི་གློ་གཅོང་གི་ནད་སྔོན་འགོག་བྱེད་ཐབས་གལ་ཆེན་ཞིག་ཡིན། གློ་ལུ་བ་དང་ལུད་པ་མང་བ། བྲང་ཁ་ན་བ་སོགས་ཀྱི་ནད་རྟགས་བྱུང་ནས་བསྟུད་མར་གཟའ་འཁོར་གཉིས་ཡན་འགོར་ན་མྱུར་དུ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས་ལ། གལ་ཏེ་གློ་གཅོང་གི་ནད་བྱུང་ཡོད་པར་ངོས་འཛིན་བྱས་ན་ནད་པར་སྨན་པའི་ངག་བཀོད་ལྟར་གསོ་བཅོས་ཡག་པོ་བྱེད་དགོས་པར་མ་ཟད། ནད་པའི་ཁྱིམ་མི་ལའང་འབྲེལ་ཡོད་གློ་གཅོང་སྐོར་གྱི་བརྟག་དཔྱད་བྱེད་དགོས། དུས་རྒྱུན་དུ་འཚོ་བའི་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱས་ནས་ཁ་ལུད་གང་སར་མི་འཕེན་པ་དང་། ཁ་ལུད་དེ་དུག་སེལ་བྱས་ཟིན་པའི་སྣོད་དང་ཡང་ན་ཁ་ལེབ་ཅན་གྱི་སྣོད་དུ་འཕེན་པའམ་གཙང་ཤོག་གིས་ཕྱིས་ནས་མེར་བསྲེགས་དགོས། གློ་ལུ་རྒྱག་དུས་ལག་ཕྱིས་ཀྱིས་ཁ་སྣ་འགེབས་པ་ལས་མི་ལ་ཁ་གཏད་དེ་གློ་ལུ་བ་དང་སྣ་སྦྲིད་རྒྱག་མི་རུང་། རྒྱུན་དུ་ཁང་པའི་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་བར་བྱེད་པ་དང་། མི་སྒེར་གྱི་གཙང་སྦྲར་དོ་སྣང་བྱེད་པ། མལ་སྟན་སོགས་རྒྱུན་དུ་ཉི་མར་ལྡེ་དགོས། གློ་གཅོང་ནད་ནི་ཟས་རིགས་ལས་ཀྱང་འགོ་ནུས་ཏེ། དཔེར་ན་འོ་མ་དང་ནད་པས་བཀོལ་སྤྱོད་བྱས་ཟིན་པའི་སྣོད་ཅ་ལག ཟས་ལྷག་སོགས་ལས་འགོ་སྲིད་པ་ཡིན། དེ་བས་འོ་མ་བསྐོལ་ནས་འཐུང་བ་དང་། ནད་པའི་ཟས་ལྷག་མི་བཟའ་བ་དང་སྣོད་ཅ་ལག་ལ་དུག་སེལ་བྱེད་དགོས་པར་མ་ཟད། འཇོག་དུས་ཀྱང་ཁ་ཁར་འཇོག་དགོས། ནད་པའི་ཉལ་གོས་དང་ལག་ཕྱིས་སོགས་དངོས་པོར་དུག་སེལ་བྱེད་དགོས། བཙས་མ་ཐག་པའི་ཕྲུ་གུ་ལ་འགོག་སྨན་བརྒྱབ་སྟེ་གློ་གཅོང་འབྱུང་ཚད་ཇེ་དམའ་རུ་གཏོང་དགོས། རྒྱུན་དུ་ཕྱི་རོལ་གྱི་བྱ་འགུལ་ལ་ཞུགས་པ་དང་ལུས་ཕུང་སྦྱོང་བརྡར་བྱས་ནས་ལུས་སྟོབས་རྒྱས་སུ་འཇུག་དགོས་པ་དང་། ཟས་བཅུད་རན་པར་བྱས་ནས་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་དགོས།

གསོ་བཅོས་བྱེད་ཐབས།

གསོ་བཅོས་ཡག་པོ་བྱས་ན་ནད་པ་མང་ཆེ་ཤོས་སངས་དྲག་ཡོང་ཐུབ་པ་དང་། གསར་དུ་བྱུང་བའི་ནད་པར་དུས་ཡུན་ཟླ་དྲུག་ནས་བརྒྱད་ཙམ་ལ་གསོ་བཅོས་བྱས་པས་ཆོག་མོད། འོན་ཀྱང་བར་མཚམས་སུ་སྨན་འཐུང་མཚམས་འཇོག་མི་རུང་། གལ་ཏེ་ནད་པས་རང་འདོད་ལྟར་སྨན་འཐུང་མཚམས་འཇོག་པའམ་མཚམས་ཆད་ན་ཡང་བསྐྱར་འཕར་སླ་བར་མ་ཟད་སྨན་མི་ཟུག་པའི་ནད་དུ་འགྱུར་ཉེན་ཆེ། སྨན་མི་ཟུག་པའི་གློ་གཅོང་དུ་གྱུར་ན་གསོ་བཅོས་རྙོག་འཛིང་ཆེ་ལ་དུས་ཡུན་ཧ་ཅང་རིང་ངོ་། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།