འབྲས་སྐྲན་སྔོན་འགོག་བྱེད་ཐུབ་བམ།
2024.03.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། མི་རྣམས་ཀྱི་འབྲས་སྐྲན་སྔོན་འགོག་འདུ་ཤེས་ཀྱང་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་མོད། འོན་ཀྱང་མི་མང་ཤོས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་འབྲས་སྐྲན་ཇི་ལྟར་སྔོན་འགོག་བྱེད་དགོས་པ་ཤེས་ཀྱིན་མེད། དོན་དངོས་སུ། གལ་ཏེ་མི་ཚང་མས་འབྲས་སྐྲན་འགོག་པའི་འདུ་ཤེས་ཇེ་མཐོར་བཏང་ནས་བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱས་ཚེ། འབྲས་སྐྲན་ཁ་ཤས་མགོ་ཁུངས་ནས་སྔོན་འགོག་བྱེད་ཐུབ།

བདེ་ཐང་གི་འཚོ་བ་རོལ་སྟངས་ཀྱིས་འབྲས་སྐྲན་ཡོད་ཚད་སྔོན་འགོག་བྱེད་མི་ཐུབ་མོད། འོན་ཀྱང་ཞིབ་འཇུག་མང་པོ་ལས་ར་སྤྲོད་བྱུང་བ་ལྟར་ན། བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་བའི་འགྱུར་བ་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། མི་རྣམས་ཀྱིས་དུས་རྒྱུན་འཚོ་བའི་ཁྲོད་འབྲས་སྐྲན་ཇི་ལྟར་སྔོན་འགོག་བྱེད་དགོས་སམ་ཞེ་ན། ལོ་མང་པོའི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་གཞིར་བཟུང་ནས་གནད་འགའ་སྤྱི་སྡོམ་བྱས་ཡོད་དེ། བཟའ་བཏུང་ལུགས་མཐུན་གྱིས་སྤྱོད་པ་དང་འགུལ་སྐྱོད་ཚད་ལྡན་བྱེད་པ། ཆང་དང་དུ་བ་གཅོད་པ། སེམས་ཁམས་སྙོམ་སྒྲིག གཉིད་ཀྱིས་འདང་བར་བྱེད་པ། དུས་བཅད་ལྟར་ལུས་པོར་བརྟག་པ། འགོས་ནད་ཚོད་འཛིན་དང་འགོག་ཁབ་རྒྱག་པ། ཁོར་ཡུག་གཙང་སྦྲ་བྱེད་པ་བཅས་ཡིན། གཤམ་དུ་འདིའི་ཁྲོད་ཀྱི་གནད་འགའ་བྱེ་བྲག་ཏུ་མཚམས་སྦྱོར་ཞིག་བྱེད།

འཚོ་བ་རོལ་སྟངས་མི་ལེགས་པ་བསྒྱུར་དགོས། ཐ་མག་མི་འཐེན་པ་དང་ཆང་ལ་ཚོད་འཛིན་བྱེད་པ། བཟའ་བཏུང་སྙོམ་སྒྲིག་དང་འགུལ་སྐྱོད་ཚད་ལྡན་བྱེད་པ། སེམས་ཁམས་སྐྱིད་པོ་ཡོང་བ་བཅས་ཀྱིས་འབྲས་སྐྲན་ཁ་ཤས་ནུས་ལྡན་སྒོས་སྔོན་འགོག་བྱེད་ཐུབ། བདེ་ཐང་གི་བཟའ་བཏུང་ལ་བསྟེན་དགོས་ཏེ། ཚྭ་ཉུང་བ་དང་ཟས་རིགས་གསར་བ་ཟ་བ། ཤ་ལས་སྔོ་ཚོད་མང་དུ་ཟ་བ། ཆང་ལས་ཇ་མང་དུ་འཐུང་བ་སོགས་བྱེད་དགོས།

འབྲས་སྐྲན་སློང་བའི་རྒྱུ་རྐྱེན་ལ་དོ་སྣང་བྱེད་དགོས། འབྲས་སྐྲན་ནི་འགོས་མི་སྲིད་མོད། འོན་ཀྱང་འབྲས་སྐྲན་དང་འབྲེལ་བ་དམ་ཟབ་བྱུང་བའི་ཕྲ་ཕུང་དང་ནད་དུག་ནི་འགོས་སྲིད་པས། མི་སྒེར་གྱི་འཕྲོད་བསྟེན་དང་བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱེད་དགོས།

འབྲས་སྐྲན་སློང་བའི་དངོས་པོ་དང་རྒྱང་དུ་བཀྱེད་དགོས། ང་ཚོའི་ཉེ་འགྲམ་དུ་འབྲས་སྐྲན་སློང་བའི་དངོས་པོ་གསལ་ཐག་ཆོད་པ་མང་པོ་ཡོད་དེ། དཔེར་ན། ཅཱ་ཆོན་དང་རླམ་སེར་དུག་རྒྱུ། ཟེ་སྐྱུར་འབྲིང་བ་སོགས་ཡིན། རུལ་ཟས་ཟ་མི་རུང་བ་དང་། སྣུམ་གྱིས་བཙོས་པ་དང་བསྙལ་ཟས་ཉུང་དུ་བསྟེན་དགོས།

འགོག་ཁབ་རྒྱག་པ། འགོག་ཁབ་བརྒྱབ་ཚེ་འབྲེལ་ཡོད་ཀྱི་ཕྲ་ཕུང་དང་ནད་དུག་འགོས་པ་སྔོན་འགོག་བྱེད་ཐུབ། མིའི་ནུ་ཏོག་ནད་དུག་གི་འགོག་ཁབ་བརྒྱབ་ཚེ་མངལ་སྐེའི་འབྲས་སྐྲན་སོགས་ཀྱི་འབྲས་སྐྲན་རིགས་མང་པོ་སྔོན་འགོག་བྱེད་ཐུབ། མཆིན་ནད་ཁ་པའི་འགོག་ཁབ་བརྒྱབ་ཚེ་མཆིན་ཚད་ཁ་པའི་ནད་དུག་འགོས་པ་སྔོན་འགོག་བྱེད་ཐུབ་ཅིང་། མཆིན་ནད་ཁ་པ་ནི་མཆིན་འབྲས་སློང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

སེམས་ཁམས་སྐྱིད་པོ་རྒྱུན་འཁྱོངས་བྱེད་དགོས། སེམས་ཁམས་སྐྱིད་པོ་ཡོང་བ་ནི་འབྲས་སྐྲན་སྔོན་འགོག་དང་འགོག་རྒོལ་གྱི་སྨན་མཆོག་ཅིག་ཡིན། སེམས་ཁམས་སྐྱིད་པོ་རྒྱུན་འཁྱོངས་བྱས་ན་ནད་འགོག་ནུས་པ་ཇེ་དྲག་ཏུ་འགྲོ་བར་ཕན།

འབྲས་སྐྲན་སྔོན་འགོག་བྱེད་པར་ལུས་ཕུང་ལ་བརྟག་དཔྱད་བྱེད་དགོས། མིག་སྔའི་སྨན་བཅོས་བརྟག་དཔྱད་བྱེད་ཐབས་ཀྱིས་འབྲས་སྐྲན་མང་ཤོས་དུས་སྔ་མོ་ནས་ཤེས་རྟོགས་བྱེད་ཐུབ། དཔེར་ན། བྲང་ཁའི་སྦྱོར་ཚད་དམའ་བའི་དུང་འཁྱིལCTབརྟག་དཔྱད་ལས་གློ་བའི་འབྲས་སྐྲན་བརྟག་ཐུབ་པ་དང་། སྒྲ་བརྒལ་ཟུང་འབྲེལ་བརྟག་དཔྱད་ལས་ནུ་འབྲས་བརྟག་ཐུབ། ཕོ་རྒྱུ་ཤེལ་གཟུགས་བརྟག་དཔྱད་ལས་འཇུ་ལམ་གྱི་འབྲས་སྐྲན་སོགས་བརྟག་ཐུབ། མི་སྒེར་སོ་སོར་འཚམ་པའི་ལུས་ཕུང་བརྟག་དཔྱད་བྱ་རྒྱུ་ནི་འབྲས་སྐྲན་དུས་སྔ་མོ་ནས་སྨན་བཅོས་བྱེད་པའི་གནད་འགག་ཅིག་ཡིན།

འབྲས་སྐྲན་སྔོན་འགོག་བྱེད་པར་ལུས་བརྟག་བྱས་པ་ལས་གཞན་ད་དུང་འབྲས་སྐྲན་གྱི་དུས་སྔ་མོའི་ནད་རྟགས་ལ་དོ་སྣང་བྱེད་ཐུབ། འབྲས་སྐྲན་གྱི་སྨན་བཅོས་ཕན་འབྲས་དང་འབྲས་སྐྲན་བྱུང་བའི་དུས་སྔ་གཞུག་ལ་འབྲེལ་བ་དམ་ཟབ་ལྡན། འབྲས་སྐྲན་དུས་སྔ་མོ་ནས་ཤེས་རྟོགས་བྱུང་ཚེ། ནད་པའི་སྨན་བཅོས་ཀྱི་ཕན་འབྲས་བཟང་ཞིང་འཚོ་གནས་དུས་ཡུན་རིང་བ་ཡིན། ལུས་སྟེང་དུ་རྒྱུན་ལྡན་མ་ཡིན་པའི་སྐྲངས་རྡོག་དང་ལུད་པའི་ནང་དུ་ཁྲག་འདྲེས་པ། གཟེར་མེད་ཁྲག་གཅིན་སོགས་ཀྱི་ནད་རྟགས་བྱུང་ཚེ། མྱུར་མོར་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།