སྙིང་ལྡིང་མཚམས་གློ་བུར་ཆད་པ་ཇི་ལྟར་མྱུར་སྐྱོབ་བྱེད་དགོས།
2024.03.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

སྙིང་ལྡིང་མཚམས་གློ་བུར་ཆད་པ་ཞེས་པ་ནི་ཁྲག་གི་འཁོར་རྒྱུག་ལ་བར་ཆད་ཐེབས་པ་ལས་སྙིང་གི་འཕར་ལྡིང་ནུས་པ་འགག་པ་ལ་གོ་ཞིང་། དེ་ཡང་སྤྱིར་བཏང་སྨན་ཁང་གི་ཕྱི་རོལ་དུ་འབྱུང་བ་མང་ལ། ལྟས་དང་རྟགས་གང་ཡང་མེད་པར་འབྱུང་བ་ཞིག་ཀྱང་ཡིན། སྙིང་གི་ལྡིང་མཚམས་བཞག་པ་ཡིན་ཚེ། མྱུར་སྐྱོབ་ལ་འགོར་འགྱངས་སྐར་མ་གཅིག་བཟོས་ན། ནད་པའི་གསོན་ཚད7%ནས10%ཙམ་ཇེ་དམའ་རུ་འབབ་པ་ཡིན། གལ་ཏེ་སྐར་མ་བཅུ་ལས་བརྒལ་ཚེ་ནད་པ་འཆི་བ་ལས་གསོན་པའི་རེ་བ་ཅི་ཡང་མེད། དེ་བས། ནད་པའི་གཉེན་ཉེ་དུ་དང་ལས་གྲོགས། ཡང་ན་གམ་གྱི་མི་ཆ་མེད་སོགས་གང་ཡིན་ཡང་། གནས་ཚུལ་དེ་འདྲར་འཕྲད་ཚེ་མྱུར་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་དེ་ངེས་པར་དམ་འཛིན་བྱེད་དགོས་ལ། དེ་ཡང“སྔ་བ་གསུམ”ལ་ངེས་པར་གཙིགས་མཐོང་བྱེད་དགོས།

སྔ་བ་དང་པོ། བརྡ་གཏོང་བར་སྔ་དགོས།

མང་ཚོགས་ཕལ་པ་རྣམས་ཀྱིས་སྙིང་གི་ལྡིང་མཚམས་གློ་བུར་ཆད་པའི་ནད་པ་ལ་ཐེ་གཏོགས་མི་བྱེད་པའི་རྒྱུ་མཚན་གཅིག་ནི་ནད་ལ་ངོས་ཟིན་བྲལ་བ་དེ་ཡིན་ཏེ། སྙིང་གི་ལྡིང་མཚམས་གློ་བུར་ཆད་པ་དེ་བརྒྱལ་བ་དང་འབོག་པ་སོགས་འཕར་བར་འཁྲུལ་སྲིད་པ་ཡིན། ནད་པར་དྲན་པ་མེད་ལ་འབྱིན་རྔུབ་ཀྱང་མེད་པའི་གནས་ཚུལ་བྱུང་ཚེ། ཉེ་འགྲམ་གྱི་མིས་མྱུར་དུ་མྱུར་སྐྱོབ་ཁ་པར་བཏང་ནས་འབོད་བརྡ་གཏོང་དགོས་ལ། མྱུར་སྐྱོབ་ལྟེ་གནས120ཡི་སྨན་པས་ནད་པའི་གནས་ཚུལ་ལ་ངོས་འཛིན་ཡང་དག་བྱེད་རོགས་བྱེད་ཞོར། གནས་ཚུལ་དེ་འདྲར་ཁ་གཏད་གཞལ་ཐབས་ཅི་འདྲ་བསྟེན་དགོས་པའང་མཛུབ་སྟོན་བྱེད་དགོས། དེ་མིན120ཡི་སྨན་པས་མྱུར་སྐྱོབ་རླངས་འཁོར་ལམ་སང་ཡུལ་དངོས་སུ་གཏོང་ཞོར། སྲོག་སྐྱོབ་ཁ་པར་གཏོང་མཁན་ལ་སྙིང་གི་ལྡིང་མཚམས་གློ་བུར་ཆད་པའི་གནས་ཚུལ་དང་དེ་ལ་མྱུར་སྐྱོབ་བྱེད་ཚུལ་བཤད་དེ། ཆེད་ལས་མྱུར་སྐྱོབ་པ་མ་ཐོན་སྔོན་གྱི་ནད་པའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པར་ཕན་འདོགས་པ་ཡིན།

སྔ་བ་གཉིས་པ། བྲང་གནོན་པ་སྔ་དགོས།

ནད་པའི་ཉེ་འགྲམ་གྱི་མིས་གློ་སྙིང་སླར་གསོའི་ཐབས་སྔ་མོ་ནས་ལག་བསྟར་བྱས་ན། མྱུར་སྐྱོབ་རླངས་འཁོར་མ་ཐོན་སྔོན་གྱི་ནད་པའི་སྲོག་སྐྱོབ་པར་ཕན་པ་ཡིན་ལ། དེས་ནད་པའི་སྲོག་སྐྱོབ་པ་དང་ཀླད་ཆེན་གྱི་དབང་རྩའི་བྱེད་ནུས་སླར་གསོ་བྱེད་པར་ནུས་པ་གལ་ཆེན་འདོན་པར་མ་ཟད། སྙིང་གི་ལྡིང་ཚད་སླར་གསོ་བྱེད་པའི་ཐབས་ལམ་ཉག་གཅིག་ཀྱང་ཡིན། གློ་སྙིང་སླར་གསོའི་ཐབས་ལམ་སླ་ཤོས་བདེ་ཤོས་ནི་བྲང་ཁར་གནོན་པ་དེ་ཡིན་ལ། སྐྱོབ་ཐབས་ཅི་ཡང་མི་བྱེད་པ་དང་བསྡུར་ན། བྲང་ཁར་མནན་པས་ཀྱང་ཁྲག་གི་འཁོར་རྒྱུག་སླར་གསོ་བྱེད་པར་ནུས་པ་འདོན་པ་ཡིན། དེ་ནི་ལག་བསྟར་བྱེད་བདེ་བར་མ་ཟད། འབྱིན་རྔུབ་བྱེད་ཐབས་བསྟར་བ་ལས་འབྱུང་སྲིད་པའི་ཉེན་ཁའི་ཐེ་ཚོམ་དེ་ཡང་མི་དགོས་པས། མི་མང་པོ་མྱུར་སྐྱོབ་བྱ་བར་ཞུགས་སུ་འཇུག་རྒྱུར་ཡང་ཕན་ཐོགས་ཆེ། ཞིབ་འཇུག་ལས་ར་སྤྲོད་བྱས་པ་ལྟར་ན། བྲང་ཁ་མནན་པས་སྙིང་ལྡིང་མཚམས་གློ་བུར་ཆད་པའི་ནད་པའི་གསོན་ཚད60%ཡིས་ཇེ་མཐོར་གཏོང་ཐུབ།

སྔ་བ་གསུམ་པ། སྙིང་སློང་ཐབས་སྔ་དགོས།

སྙིང་ལྡིང་མཚམས་གློ་བུར་ཆད་པ་ལས80%ཙམ་སྙིང་ཤག་གི་འདར་འཁྱོམ་ལས་བསྐྱེད་པ་ཡིན་ལ། ཐོག་མའི་དུས་སུ་གློག་གི་སྙིང་སློང་ཡོ་ཆས་སྤྱོད་པ་ནི་ཕན་ནུས་ཆེ་ཤོས་ཀྱི་བྱེད་ཐབས་དེ་ཡིན། ལུས་ཕྱིའི་སྙིང་སློང་ཡོ་ཆས(AED)ནི་འཁྱེར་བདེ་བའི་ཡོ་ཆས་ཤིག་ཡིན་པར་མ་ཟད། AEDལ་སྙིང་སློང་ཐུབ་མིན་བརྡར་ཤ་གཅོད་པའི་ནུས་པ་རང་ཆས་སུ་ཡོད་པས། ནད་པའི་སྙིང་ལྡིང་མཚམས་ཆད་པ་དེ་སླར་གསོ་རུང་མིན་ངོས་ཟིན་རྗེས་ད་གཟོད་སྙིང་ལ་གློག་བཏང་ནས་སྙིང་གི་ལྡིང་མཚམས་སླར་གསོ་བྱེད་པ་ཡིན། སྙིང་གི་འཕར་ལྡིང་ཆད་པ་དང་ཡང་ན་སྙིང་གི་ལྡིང་ཚད་རྒྱུན་ལྡན་ཡིན་ཚེ། AEDལ་གློག་གཏོང་མི་འོས་པ་དང་། ཡང་ན་གློ་སྙིང་སླར་གསོ་བྱེད་མཚམས་ནམ་མགོ་རྩོམ་པ་དང་ནམ་མཚམས་འཇོག་དགོས་པ་སོགས་ཤར་བ་ཡིན། གལ་ཏེ་སྙིང་ལྡིང་མཚམས་གློ་བུར་ཆད་པ་དེ་སློང་ཐུབ་པའི་སྐབས་སུ་གནས་ན། AEDསྤྱད་པ་ན། ནད་པའི་ཉིན་སུམ་ཅུའི་རིང་གི་གསོན་ཚད་དང་དབང་རྩའི་དྲག་སྐྱེད་ཀྱི་བསྡུར་ཚདAEDམ་སྤྱད་པའི་ནད་པ་ལས་ཆེས་ཆེར་མཐོ་བ་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།