སྙིང་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས།
2024.03.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 31

དུས་རྒྱུན་གྱི་འཚོ་བའི་ཁྲོད། ང་ཚོས་སྙིང་གི་ལྡིང་ཚད་རྒྱུན་ལྡན་ཡོང་བའི་ཐད་ཇི་ལྟར་འབད་དགོས་ཞེ་ན།

གྱོན་ཆས་དྲོན་པོ་གྱོན་པ། གནམ་གཤིས་འཁྱག་པའི་སྐབས་སུ། དར་མ་དང་རྒན་པས་གནམ་གཤིས་གནས་ཚུལ་ལ་དོ་སྣང་བྱས་ཏེ། འོས་འཚམ་སྒོས་གྱོན་ཆས་དྲོན་པོ་གྱོན་དགོས་ལ། ལྷག་པར་དུ་སྐེ་དང་བྲང་ཁ་སོགས་གནས་གཙོ་བོ་དག་འཁྱགས་སུ་འཇུག་མི་རུང་།

ལུགས་མཐུན་སྒོས་བཟའ་བཏུང་བསྟེན་པ། ཚིལ་མཐོ་བ་དང་མངར་ཆ་ཆེ་བའི་ཟས་རིགས་ཉུང་ཙམ་བསྟེན་དགོས་ཤིང་། སིལ་ཏོག་དང་སྔོ་ཚོད་སོགས་ཀྱི་ཟས་རིགས་མང་དུ་བསྟེན་ནས། སྙིང་གི་ཁྲག་རྩའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས།

འཚོ་བ་ཆོས་ཉིད་དང་མཐུན་དགོས། ངལ་དུབ་ཚད་ལས་བརྒལ་མི་རུང་ཞིང་། གཉིད་འདང་ངེས་རྒྱུན་འཁྱོངས་བྱེད་དགོས།

འགུལ་སྐྱོད་འོས་འཚམ་བྱེད་པ། དུས་རྒྱུན་དུ་འགུལ་སྐྱོད་འོས་འཚམ་རྒྱུན་འཁྱོངས་བྱེད་དགོས་ལ། ཆུ་རྐྱལ་བ་སོགས་ལུས་ཕུང་སྦྱོང་བརྡར་ཚད་ལྡན་བྱེད་དགོས། ལུས་སྟོབས་ཞན་པའི་སྐབས་སུ། ལུས་སྦྱོང་དྲག་པོ་བྱེད་མི་རུང་ལ། ལྷག་པར་དུ་གནམ་གཤིས་རྩུབ་པོར་གཟབ་དགོས།

དུ་བ་གཅོད་པ་དང་ཆང་འཐུང་ཚད་ཇེ་ཉུང་དུ་གཏོང་བ། དུ་བ་གཅོད་པ་དང་ཆང་འཐུང་ཚད་ཇེ་ཉུང་དུ་གཏོང་བ་ནི་སྙིང་ལ་སྲུང་སྐྱོབ་བྱེད་པའི་གནད་གཙོ་བོ་ཞིག་ཡིན་ལ། དུ་ཆང་གཉིས་ནི་སྙིང་གི་ཁྲག་རྩའི་ནད་རིགས་འབྱུང་བར་འབྲེལ་བ་དམ་ཟབ་ལྡན།

ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པ། བདེ་ཐང་གི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱས་ཚེ། ཁྲག་ཤེད་མཐོ་བ་དང་མཁྲིས་རྒྱུ་གཤེར་རྩི་མཐོ་བ་སོགས་སྙིང་གི་ཁྲག་རྩའི་ནད་རིགས་ཀྱི་ཉེན་ཁའི་རྐྱེན་ངན་མེད་པར་གཏོང་ཐུབ།

དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱེད་པ། དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱས་ན། དུས་སྔ་མོ་ནས་མངོན་མེད་ཀྱི་སྙིང་གི་གནད་དོན་ཤེས་རྟོགས་བྱེད་ཐུབ་ཅིང་། ཁ་གཏད་རང་བཞིན་གྱི་སྔོན་འགོག་བྱེད་ཐབས་དུས་ཐོག་ཏུ་སྤྱོད་པར་སྟབས་བདེ་བསྐྲུན་ཐུབ།

སྙིང་ནད་ཅན་གྱིས་གཤམ་གྱི་གནད་འདི་དག་ལ་ལྷག་པར་དུ་མཉམ་འཇོག་དགོས།

སྨན་པའི་ངག་བཞིན་སྨན་བསྟེན་པ། སྙིང་ནད་ཅན་གྱིས་སྨན་པའི་ངག་བཞིན་སྨན་བསྟེན་དགོས་ལ། རང་འདོད་དུ་སྨན་འཐུང་ཚད་ཇེ་ཉུང་དུ་གཏོང་བའམ་འཐུང་མཚམས་འཇོག་པ་སོགས་བྱེད་མི་རུང་།

རང་ཉིད་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་དགོས། སྙིང་དང་འབྲེལ་བའི་ནད་རྟགས་གང་རུང་འབྱུང་བར་ཚད་མཐོན་པོས་དོགས་ཟོན་བྱེད་དགོས་ཏེ། དཔེར་ན་བྲང་ཁ་ན་བ་དང་དབུགས་འབྱིན་རྔུབ་དཀའ་བ་སོགས་ལྟ་བུ།

རྩོལ་བཅག་དྲག་པོ་བྱེད་མི་རུང་། གྲང་ངར་ཆེ་བའི་གནམ་གཤིས་ཁྲོད་རྩོལ་བཅག་ཚད་ལས་བརྒལ་བ་བྱས་ཚེ། མ་གཞི་ནས་བདེ་ཐང་མིན་པའི་སྙིང་ལ་གནོད་པ་ཚབས་ཆེན་ཐེབས་སྲིད།

མཁྲིས་རྒྱུ་གཤེར་རྩི་མཐོ་བའི་ཟས་རིགས་བསྟེན་མི་རུང་། སྙིང་ནད་ཅན་གྱིས་ཚྭ་དང་ཚིལ། མངར་ཆ་ཉུང་བའི་ཟས་རིགས་བསྟེན་ནས་སྙིང་ལ་སྲུང་སྐྱོབ་བྱེད་དགོས།

སེམས་ཁམས་སྐྱིད་པོ་ཡོང་བར་འབད་དགོས། དར་མ་དང་རྒན་པས་སེམས་ཁམས་ལ་དོ་དམ་ལེགས་པོ་བྱེད་དགོས་ཤིང་། སེམས་ལྷོད་ལ་འབབ་པའམ་དབུགས་འབྱིན་རྔུབ་ལེགས་པོ་བྱེད་པ་སོགས་ཀྱིས། དལ་གཤིས་གནོན་ཤུགས་ཀྱིས་བདེ་ཐང་ལ་ཤུགས་རྐྱེན་ངན་པ་ཐེབས་ཚད་ཇེ་ཉུང་དུ་གཏོང་ཐུབ།

དུས་བཅད་ལྟར་ལུས་བརྟག་བྱེད་དགོས། སྙིང་ནད་ཅན་གྱིས་ཁྲག་ཤེད་དང་ཁྲག་ཧྭགས། ཁྲག་ཚིལ་བཅས་ལ་བརྟག་དཔྱད་བཟང་པོ་བྱེད་དགོས་ལ། དུས་བཅད་ལྟར་སྨན་པར་བསྟེན་ནས་སྨན་བཅོས་འཆར་གཞི་སྙོམ་སྒྲིག་བྱེད་དགོས།

མྱུར་སྐྱོབ་སྨན་རྫས་གྲ་སྒྲིག་ལེགས་པོ་བྱེད་དགོས། ཁྱིམ་དུ་ཟེ་སྐྱུར་ཀན་སྣུམ་དང་མྱུར་ཕན་སྲོག་སྐྱོབ་རིལ་བུ་སོགས་ཀྱི་མྱུར་སྐྱོབ་སྨན་རྫས་གྲ་སྒྲིག་ལེགས་པོ་བྱེད་པ་དང་། དུས་སྔོན་དུ་སྨན་རྫས་ཀྱི་གསལ་བཤད་ཡི་གེར་བལྟས་ནས། ནད་རྟགས་གསལ་པོ་ཐོན་པའི་གནས་ཚུལ་འོག་བསྟེན་དགོས།

དེ་ལས་གཞན། ཁེར་སྡོད་རྒན་པ་རྣམས་ཀྱིས་སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ་དང་སྨན་པའི་འབྲེལ་གཏུགས་ཁ་པར་ཨང་གྲངས་ཉར་ཚགས་བྱས་ཏེ། འཕྲལ་བསྟུན་གནས་ཚུལ་འོག་སྐྱོབ་རོགས་ཡོང་བར་སྟབས་བདེ་བསྐྲུན་དགོས། །

རྩོམ་སྒྲིག་པ། འབྲུག་མོ།