འབྲས་སྐྲན་བྱུང་བའི་ནད་པའང་འགུལ་སྐྱོད་བྱས་ན་བཟང་།
2024.03.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཞིབ་འཇུག་ལས་ར་སྤྲོད་བྱས་པ་ལྟར་ན། འབྲས་སྐྲན་བྱུང་བའི་ནད་པས་སྨན་པའི་མཛུབ་སྟོན་འོག་ཚན་རིག་དང་མཐུན་ཞིང་ཚད་མཐུན་གྱི་སྒོ་ནས་ལུས་པོ་འགུལ་སྐྱོད་བྱས་ན་བཟང་། དུས་ཡུན་རིང་པོར་ཙོག་ནས་འགུལ་སྐྱོད་མི་བྱེད་པའི་སྐྲན་ནད་ནད་པ་དང་བསྡུར་ན། ལུགས་མཐུན་གྱི་སྦྱོང་བརྡར་བྱེད་པའི་ནད་པའི་ཤི་ཉེན་ཅུང་ཆུང་བ་རེད།

སྐྲན་ནད་ནད་པར་འགུལ་སྐྱོད་གང་དག་འཚམ་པ་ཡིན་ནམ།

འགུལ་སྐྱོད་རྣམ་གྲངས། རང་རྒྱལ་གྱི་སྲོལ་རྒྱུན་གསོ་རིག་ལྟར་ན། ཁྲག་རླུང་འགག་པ་ནི་སྐྲན་ནད་ཀྱི་ཕོག་རྐྱེན་ཡིན་ལ། ཐའེ་ཅི་དྲག་རྩལ་སོགས་ཀྱི་ལུས་སྦྱོང་འགུལ་སྐྱོད་ཀྱིས་ཁྲག་རླུང་གསོ་ཐུབ་པ་དང་། བཟང་སྐྱོར་ངན་འཇོམས་ཀྱི་ནུས་པ་ཐོན་ཐུབ། ཨ་རིའི་འབྲས་སྐྲན་སློབ་ཚོགས་དང་ཨ་རིའི་འགུལ་སྐྱོད་གསོ་རིག་སློབ་ཚོགས་ཀྱིས་བསྒྲགས་པའི《འབྲས་སྐྲན་ནད་པའི་འཚོ་བའི་ཕྱོགས་སྟོན》(གཤམ་དུ《ཕྱོགས་སྟོན》ཞེས་བསྡུས་ཡོད)གྱི་བསམ་འཆར་ལྟར་ན། འབྲས་སྐྲན་ནད་པར་འཚམ་པའི་དྲག་ཚད་འབྲིང་བའི་འགུལ་སྐྱོད་རིགས་ལ་དལ་བགྲོད་བྱེད་པ་དང་བྲོ་འཁྲབ་པ། ཡོ་ག ཕེང་ཕིང་སྤོ་ལོ། འགྲོས་དལ་མོས་ལྕགས་རྟར་ཞོན་པ་སོགས་ཡོད། དྲག་ཚད་མཐོ་བའི་འགུལ་སྐྱོད་རིགས་ལ་ཐག་ལྡིང་དང་རྐང་རྩེད་སྤོ་ལོ། ལག་རྩེད་སྤོ་ལོ། གངས་ཤུད། འགྲོས་མྱུར་མོར་ལྕགས་རྟར་ཞོན་པ་སོགས་ཡོད།

འགུལ་སྐྱོད་དུས་ཚོད། 《ཕྱོགས་སྟོན》གྱི་བསམ་འཆར་ལྟར་ན། ནད་པས་གཟའ་འཁོར་རེར་དྲག་ཚད་མཐོ་འབྲིང་གི་འགུལ་སྐྱོད་ཐེངས5དང་། ཐེངས་རེར་སྐར་མ30རེར་བྱེད་དགོས། ལུས་སྟོབས་དང་སྐྲན་ནད་ཀྱི་དུས་ཡུན་མི་འདྲ་བས། ནད་པས་རང་ཉིད་ཀྱི་གནས་ཚུལ་ལྟར་འགུལ་སྐྱོད་བྱེད་དགོས་ལ། གཟའ་འཁོར་རེར་ཉུང་མཐའ་ཡང་སྐར་མ30ཡི་དྲག་ཚད་འབྲིང་བའི་འགུལ་སྐྱོད་ཐེངས་གཅིག་བྱེད་དགོས།

འགུལ་སྐྱོད་དྲག་ཚད། ལུས་སྦྱོང་འགུལ་སྐྱོད་ཚད་མཐུན་དང་ལུས་པོས་ལྕོགས་ཚོད་བྱེད་དགོས། ནད་པས་དབྱང་ལྡན་འགུལ་སྐྱོད་གཙོ་བོར་བཟུང་སྟེ། ཚད་དང་མཐུན་པའི་ངང་བཟོད་ཤུགས་དང་སྟོབས་ཤུགས་སྦྱོང་བརྡར་བྱེད་དགོས།

ནད་པས་འགུལ་སྐྱོད་བྱེད་སྐབས་མཉམ་འཇོག་དགོས་ས་གང་དག་ཡོད།

འགུལ་སྐྱོད་བྱེད་མགོ་རྩོམ་པའི་སྐབས་སུ་དྲག་ཚད་ཆུང་དགོས་པ་དང་། ལུས་པོའི་བྱེད་ནུས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། འགུལ་སྐྱོད་བྱེད་ཚད་རིམ་བཞིན་ཇེ་མང་དུ་གཏོང་དགོས།

འགུལ་སྐྱོད་ནི་དུས་ཡུན་ཅི་ཙམ་རིང་བ་དང་དྲག་ཚད་ཇི་ལྟར་ཆེ་ན་དེ་ལྟར་བཟང་བ་མིན། ལུས་ནས་རྔུལ་ཆུ་ཅུང་ཙམ་བཞུར་བ་དང་རང་ཉིད་ལ་ཚོར་བ་བདེ་མོའམ་སྐྱིད་པོ་ཡོང་བར་བྱེད་དགོས་པ་ལས། ཚད་བརྒལ་འགུལ་སྐྱོད་བྱེད་མི་རུང་།

འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་ལུས་བདེ་སེམས་སྐྱིད་ཡོང་རྒྱུ་དེ་ཡིན། སྐྲན་ནད་ནད་པ་མང་ཤོས་ལ་མཚོན་ན། ཆེས་སྟབས་བདེ་དང་ནུས་ལྡན་གྱི་འགུལ་སྐྱོད་ནི་དགོང་ཟས་རྗེས་སུ་མགྱོགས་བགྲོད་བྱེད་རྒྱུ་དེ་ཡིན། ཕྱིར་སོང་ནས་སྔོ་ཚོད་ཉོ་བ་དང་གཉེན་ཉེ་དང་ལྷན་དུ་རང་ནུས་ཀྱིས་ཁྱིམ་ལས་ངལ་རྩོལ་བྱས་ནའང་ཤིན་ཏུ་བཟང་།

འོས་འཚམ་གྱི་འགུལ་སྐྱོད་བྱེད་སྟངས་གདམ་དགོས། དཔེར་ན། སྐྲན་ནད་རུས་པ་བརྗེ་སྤོར་དང་རུས་སོབ་ནད་པའི་རུས་ཆག་ཉེན་ཁ་ཅུང་ཆེ་བས། བྲོ་འཁྲབ་པ་དང་སྤོ་ལོའི་རིགས། རྒྱང་རྒྱུག་རིགས་སོགས་ཀྱི་འགུལ་སྐྱོད་བྱེད་མི་རུང་བར། ཐའེ་ཅི་དྲག་རྩལ་སོགས་ཀྱི་ལུས་སྦྱོང་འགུལ་སྐྱོད་བྱེད་དགོས། རྫས་འགྱུར་སྨན་བཅོས་བྱས་རྗེས་ཕྲ་ཕུང་དཀར་པོ་ཇེ་ཉུང་དུ་སོང་བའི་ནད་པས་འགོས་ཚད་ཉེན་ཁ་ཆེ་བའི་འགུལ་སྐྱོད་དེ། དཔེར་ན་ཆུ་རྐྱལ་སོགས་བྱེད་མི་རུང་བར་མ་ཟད། འདུ་འཛི་ཆེ་བའི་གནས་སུའང་འགུལ་སྐྱོད་བྱེད་མི་རུང་། ནུ་སྐྲན་གཤགས་རྗེས་ཀྱི་ནད་པས་ལག་པའི་འགུལ་སྐྱོད་སྦྱོང་བརྡར་མ་བྱས་སྔོན་ལ། སྨན་པར་བསྟེན་ནས་ལག་པའི་གནས་ཚུལ་ལ་དཔྱད་འཇོག་བྱེད་དགོས། དེ་ལས་གཞན། འགུལ་སྐྱོད་བྱེད་པའི་སྐབས་སུ། ལུས་པོར་མི་བདེ་བའི་ནད་རྟགས་ཅི་བྱུང་རུང་། འགུལ་སྐྱོད་བྱེད་མཚམས་མྱུར་མོར་འཇོག་དགོས་པར་མ་ཟད། དུས་ཐོག་ཏུ་སྨན་པར་སྟོན་དགོས། །

རྩོམ་སྒྲིག་པ། འབྲུག་མོ།