ཐེམ་སྐས་ལ་ཡར་འགོས་པ་དང་མར་འབབ་པ་གཉིས་ལས་པུས་ཚིགས་ལ་གང་གིས་གནོད་པ་ཡིན།
2024.03.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

པུས་ཚིགས་ནི་ལུས་ཡོངས་ཀྱི་རུས་ཚིགས་ཆེས་ཆེ་བ་དང་ཆེས་རྙོག་འཛིང་ཅན་དེ་ཡིན། རྐྱོང་སྐུམ་ལས་གཞན་འཁོར་གཅུས་ཀྱང་ཅུང་ཟད་ནུས་པ་ཡིན། དེས་ལུས་ཀྱི་ལྗིད་ཤུགས་འདེགས་པར་མ་ཟད་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ཀྱང་ཅུང་ཟད་ཆེ།

ཐེམ་སྐས་ལ་ཡར་འགོས་པ་ནི་མི་མང་པོར་རྒྱུན་གོམས་ཀྱི་སྤྱོད་ལམ་ཞིག་ཡིན་མོད། དེ་ལ་མི་མང་པོས་མི་ཤེས་པའི་ཉེན་ཁའང་ཅུང་མང་། དེ་ལས་ཉེན་ཁ་ཆེ་ཤོས་ནི་པུས་ཚིགས་གཉན་ཚད་འབྱུང་ཉེན་ཆེ་བ་དེ་ཡིན། ཐེམ་སྐས་བརྒྱུད་པ་ནི་ནད་དེ་སློང་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། མི་རྣམས་ཀྱིས་དོ་སྣང་བྱ་འོས། ཐེམ་སྐས་ལ་རྒྱུན་དུ་འགོས་ན་པུས་ཚིགས་ལ་རུས་འཛེར་སྐྱེས་པའམ་ཡང་ན་རུས་འཛེར་ཇེ་སྡུག་ཏུ་འགྲོ་ཞིང་། ཟུག་གཟེར་ལངས་པ་དང་འགྲོ་དཀའ་བ། ཙོག་དཀའ་བ་སོགས་ཀྱི་ནད་རྟགས་ཐོན་ནས། ལུས་སེམས་ཀྱི་བདེ་ཐང་ལ་འཚེ་བ་དང་འཚོ་བའི་སྐྱིད་སྣང་འཇོམ་པར་བྱེད།

མི་ལ་ལས་ཐེམ་སྐས་ལ་ཡར་འཛེག་དུས་དཀའ་བ་མ་གཏོགས་མར་བབས་ན་དེ་འདྲའི་དཀའ་ཚེགས་མི་འདུག་ལ། སྐྱོན་ཡང་ཆེན་པོ་ཡོད་མི་སྲིད་པར་འདོད། དོན་གྱིས་ཐེམ་སྐས་ལས་འབབ་དུས་པུས་ཚིགས་ལ་ལྷག་པར་གནོད་པ་ཡིན། དེའི་རྒྱུ་མཚན་ནི་ཐེམ་སྐས་ལ་ཡར་འཛེག་དུས་བརླ་ཤའི་སྐུམ་ཤུགས་ཅུང་ཆེ་ལ། རྒྱུས་རྩའང་གྲིམ་པོར་གནས་ཤིང་བརྟན་འཇགས་ཡིན་པས། པུས་ཚིགས་ལ་གནོན་ཤུགས་ཅུང་ཟད་ཆེ་བ་ཙམ་ཡིན། ཡིན་ནའང་ཐེམ་སྐས་ལས་འབབ་དུས་བརླ་ཤའི་སྐུམ་ཤུགས་ཅུང་ཟད་ཆུང་ལ། པུས་ཚིགས་ཀྱི་བརྟན་འཇགས་རང་བཞིན་ཡང་ཆུང་བས། པུས་མོའི་རུས་ཕྲུམ་གྱིས་གནོན་ཤུགས་བཟོད་དགོས་པར་མ་ཟད་བརྡབས་ཤུགས་ཀྱང་བཟོད་དགོས་པ་ཡིན། གཞན་དུ་ཟླ་གམ་རུས་ལེབ་ལ་གཅུས་གཟེར་ཡང་ཅུང་ཟད་ཐེབས་པ་ཡིན།

འཆམ་འཆམ་དུ་འགྲོ་བའམ་རང་དགར་འགྲོ་བའི་སྐབས་སུ་པུས་ཚིགས་ལ་གནོད་དམ་ཞེ་ན་མི་གནོད་དེ། དེ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་འགུལ་སྐྱོད་ཀྱི་རྣམ་པ་ལེགས་ཤོས་ཤིག་ཏུ་བགྲང་། འཆམ་འཆམ་དུ་འགྲོ་སྐབས་རྐང་མཐིལ་གྱི་གསང་མིག་མང་པོར་ཕོག་ཐུག་ཡང་ཡང་ཐེབས་པས། དལ་གཤིས་ནད་རིགས་འགའ་ཞིག་སྔོན་འགོག་གི་ནུས་པ་དང་ལྡན། དེར་མ་ཟད་ལུས་ཡོངས་ཀྱི་རུས་ཚིགས་མང་པོར་སྦྱོང་བརྡར་གང་ལེགས་ཐོབ་པ་ཡིན་པས། ཤ་གནད་ལ་ཤུགས་འདུ་ཞིང་རུས་པ་ལ་སྲ་ཐོན་པ་ཡིན། གཞན་དུ་འཆམ་འཆམ་དུ་སོང་བས་ལུས་སྦྱོང་ཐོབ་པར་མ་ཟད་ཀླད་སྦྱོང་ཡང་ཐོབ་པ་ཡིན།

ནམ་རྒྱུན་གྱི་སྤྱོད་ལམ་གང་དག་གིས་པུས་ཚིགས་ལ་གནོད་དམ།

1.ལུས་སྦྱོང་ཚད་ལས་འདས་པ། མི་ལ་ལས་སྦྱོང་བརྡར་དང་ཚོ་སྦྱོང་བའི་སྐབས་སུ་ཚད་ལས་འདས་པའི་རྩོལ་བཅག་བྱས་པ་ཡིན་ལ། དེས་རུས་ཚིགས་ལ་གནོད་པ་བཟོ་བ་ཡིན།

2.ཐེམ་སྐས་ལ་ཡང་ཡང་འཛེག་པ། ཉིན་རྒྱུན་དུ་ཐེམ་སྐས་ལ་འགྲོ་ཆེ་ན་པུས་ཚིགས་ཀྱི་ཟླ་གམ་རུས་ལེབ་དང་ཡང་ན་རྒྱུས་རྩ་ལ་བསྣད་སླ་བར་མ་ཟད། ད་དུང་རུས་ཚིགས་ཀྱི་རུས་ཕྲུམ་ལ་དལ་གཤིས་གནོད་པ་ཐེབས་ཏེ། སྔ་མོ་ནས་རྒས་འགྱུར་འབྱུང་བ་ཡིན། ལྷག་པར་གཞོན་དར་བུད་མེད་ལ་མཚོན་ན། ལུས་ཀྱི་སྐྱེ་ལུགས་དབང་གིས་པུས་ཚིགས་ཀྱི་རུས་ཕྲུམ་སྔ་མོ་ནས་རྒས་པའི་སྣང་ཚུལ་འབྱུང་སླ་བས། ཐེམ་སྐས་ལ་འཛེགས་ནས་ལུས་སྦྱོང་བྱེད་སྐབས་གཟབ་དགོས།

3.དུས་ཡུན་རིང་པོར་གུམ་མ་ཙོག་དང་པུས་ཚུགས་སུ་སྡོད་པ། མི་ལ་ལ་ངལ་གསོ་དང་ངལ་རྩོལ། ཟས་ཟ་བ་སོགས་ཀྱི་སྐབས་སུ་གུམ་མ་ཙོག་ཏུ་སྡོད་པར་དགའ། དེ་ལྟར་བསྡད་ན་པུས་མོ་སླ་ངའི་རུས་ཕྲུམ་ལ་གནོན་ཤུགས་ཐེབས་ཚད་ཇེ་ལྕིར་འགྲོ་བས། སླ་ངའི་རུས་ཕྲུམ་ལ་ཁྲག་གིས་མི་འདང་བར་རྒས་འགྱུར་དང་སྙི་འགྱུར་འབྱུང་སླ།

4.ལུས་པོ་ལྗིད་ཆེ་བ། འཚོ་བའི་རྣམ་པ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། མི་མང་པོས་སྦྱོང་བརྡར་མི་བྱེད་པ་དང་བཟའ་བཏུང་ལ་ཚོད་མི་འཛིན་པར་ལུས་པོ་ཤིན་ཏུ་རྒྱགས་པ་ཆགས་ཡོད། དེ་ལས་རུས་ཚིགས་ཀྱི་གནོན་ཤུགས་ཇེ་ལྕིར་འགྲོ་བར་མ་ཟད། རིམ་བཞིན་རུས་ཕྲུམ་ལ་གནོད་དེ་ཁྲག་མི་རྒྱུག་པ་དང་རྒས་འགྱུར་འབྱུང་བ་ཡིན་ལ། དེ་བཞིན་དུ་རུས་འཛེར་ཡང་སྐྱེས་པ་ཡིན།

5.ཡག་ལ་དགའ་ནས་པུས་མོ་གཅེར་བུར་ཕུད་པ། ཡག་ལ་དགའ་བའི་བུད་མེད་མང་པོས་པུས་ཚིགས་ལ་སྲུང་སྐྱོབ་མི་བྱེད་པར། གོས་སྲབ་མོ་དང་ཐུང་ཐུང་གྱོན་ནས། པུས་ཚིགས་རུས་རྗེན་དུ་ཕུད་པ་དང་། གྲང་རླུང་གིས་གཙེས་སླ་བར་བྱེད་པས། པུས་ཚིགས་ལ་ན་ཟུག་ལྡང་བ་དང་མི་བདེ་བར་འགྱུར་བ་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།