བྱིས་པའི་རྒྱང་སྒྲིབ་ཏུའུ་གྲངས་ག་ཚོད་ལ་སླེབས་ན་མིག་ཤེལ་གྱོན་དགོས།
2024.03.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

སློབ་གསོ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་བཞིས་ཉིན་འགས་སྔོན་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་ནས། 2024ལོའི་ཟླ3པར“རྒྱང་སྒྲིབ་ནུས་ལྡན་ངང་ཇེ་ཉུང་དུ་བཏང་ནས། འོད་སྟོང་ལྡན་པའི་འབྱུང་འགྱུར་མཉམ་དུ་སྲུང་སྐྱོང་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། རྒྱལ་ཡོངས་ཀྱི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་སློབ་གསོའི་ཟླ་བའི་བྱེད་སྒོ་ཐེངས་བརྒྱད་པ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྤེལ་ནས། ཚན་རིག་དང་མཐུན་པའི་ངང་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དང་ཚད་མཐོའི་རྒྱང་སྒྲིབ་ཀྱི་གནོད་འཚེའི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། ཕྲུ་གུ་ཚོར་མིག་སྤྱོད་གོམས་གཤིས་བཟང་པོ་འཇགས་རྒྱུར་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན།

ཉིན་ཤས་གོང་། སྡེ་ཚན་བཞིས་མཉམ་དུ་བཀྲམ་པའི་བརྡ་ཐོའི་ནང་། མཐོང་ཤུགས་ཞན་པའི་སློབ་མར་མཛུབ་ཁྲིད་བྱས་ཏེ་དུས་ཐོག་ཏུ་ཡོ་བསྲང་བྱས་ནས། སྔ་མོ་ནས་རྒྱང་སྒྲིབ་སྔོན་འགོག་དང་། སྔ་མོ་ནས་ཤེས་པ། སྔ་མོ་ནས་ཐེ་ཇུས་བྱེད་པ། སྔ་མོ་ནས་ཡོ་བསྲང་བཅས་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད། འོ་ན་བྱིས་པའི་རྒྱང་སྒྲིབ་ཏུའུ་གྲངས་ག་ཚོད་ཙམ་ལ་སླེབས་ན་མིག་ཤེལ་གྱོན་དགོས་སམ། མིག་ཤེལ་གྱོན་རྗེས་མཐོང་ཤུགས་མུ་མཐུད་ནས་ཇེ་ཞན་དུ་འགྲོ་སྲིད་དམ། བྱིས་པར་རྒྱང་སྒྲིབ་ཆགས་ཟིན་པའི་བརྡ་རྟགས་གང་དག་ཡོད་དམ།

སྨན་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། སྤྱིར་ན་སློབ་ཞུགས་མ་བྱས་གོང་གི་བྱིས་པ་ཚོར་གལ་ཏེ་རྒྱང་སྒྲིབ་ཏུའུ་གྲངས100ལས་ཆུང་བ་དང་། རྒྱང་རིང་མཐོང་ཤུགས་ལ་མངོན་གསལ་དོད་པའི་ཤུགས་རྐྱེན་མེད་ཚེ། གནས་སྐབས་སུ་མིག་ཤེལ་གྱོན་མི་དགོས་པ་དང་། ཟླ་བ་གསུམ་ནས་དྲུག་བར་དུས་བཀག་ལྟར་བསྐྱར་ཞིབ་བྱེད་དགོས་ལ། གལ་ཏེ་རྒྱང་སྒྲིབ་ཀྱི་ཏུའུ་གྲངས100ལ་སླེབས་པའམ་ཡང་ན་དེ་ལས་བརྒལ་ཞིང་། རྒྱང་རིང་གི་མཐོང་ཤུགས་མངོན་གསལ་སྒོས་མར་ཆག་པ་དང་། སློབ་སྦྱོང་དང་འཚོ་བར་ཤུགས་རྐྱེན་ཐེབས་པའི་སྐབས་སུ་མིག་ཤེལ་གྱོན་དགོས།

གཞན་ཡང་ཁྱིམ་བདག་ལ་ལས། བྱིས་པར་མིག་ཤེལ་གྱོན་དུ་བཅུག་རྗེས་མཐོང་ཤུགས་ཇེ་ཞན་དུ་འགྲོ་བ་དང་ཕྱིའི་རྣམ་པ་མི་ལེགས་པར་དོགས་ནས་བྱིས་པར་མིག་ཤེལ་གྱོན་དུ་བཅུག་མེད། དེ་ནི་ལྟ་བ་ནོར་འཁྲུལ་ཅན་ཞིག་རེད། ཁྱོད་ཀྱིས་མིག་ཤེལ་གྱོན་རྗེས་མིག་ཤེལ་གྱིས་ཁྱེད་ཀྱི་མཐོང་ཤུགས་སྙོམས་སྒྲིག་བྱེད་ཐུབ། དོན་དངོས་སུ་མིག་ཤེལ་གྱོན་རྗེས་མིག་ལ་ངལ་གསོ་ངེས་ཅན་ཐེབས་ནས། རྒྱང་སྒྲིབ་ཀྱི་ཏུའུ་གྲངས་འཕར་ཚད་ཇེ་དལ་དུ་གཏོང་ཐུབ། དེ་ལས་ལྡོག་སྟེ། མིག་ཤེལ་མ་གྱོན་ན་རྒྱང་སྒྲིབ་ཏུའུ་གྲངས་མཐོ་རུ་འགྲོ་ངེས།   སྨན་དོན་མི་སྣས་དྲན་སྐུལ་བྱས་ཡོད་པ་སྟེ། བྱིས་པར་རྒྱང་སྒྲིབ་བྱུང་ཡོད་མེད་ཉིན་རྒྱུན་གྱི་འཚོ་བའི་གོམས་གཤིས་ཁྲོད་ནས་ཤེས་རྟོགས་ཐུབ་པ་སྟེ། དཔེར་ན། བརྙན་འཕྲིན་དང་གློག་ཀླད། དཔེ་ཆ་སོགས་ལ་ལྟ་སྐབས་རང་དབང་མེད་པར་ཐག་ཉེ་པོར་བཅར་བ་དང་། རྒྱུན་དུ་མིག་ཟིམ་ཟིམ་བྱས་ནས་བལྟ་བ་དང་མགོ་བོ་དཀྱོགས་ནས་བལྟ་བ། མིག་འཕུར་བ་དང་སྨིན་མ་བསྡུ་བའི་གོམས་གཤིས་ཡོད་པ། རྒྱུན་དུ་གསལ་པོ་མི་མཐོང་བའི་འཁང་ར་བྱེད་པ། དངོས་པོ་ལ་རྡུང་ག་རྒྱག་སླ་བ་སོགས་ལྟ་བུའོ། །

རྩོམ་སྒྲིག་པ། འབྲུག་མོ།