ཁྲག་ཤེད་གཅོག་ཐལ་ཆེ་མི་རུང་བའི་ནད་པའི་རིགས།
2024.03.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཁྲག་ཤེད་མཐོ་བའི་མི་ལ་མཚོན་ན། ཁྲག་ཤེད་ནི་ཇི་ལྟར་བཅག་ནས་ཇི་ལྟར་དམའ་ན་དེ་ལྟར་བཟང་བའི་ངེས་པ་ནི་མེད་དེ། ཁྲག་ཤེད་མར་འབབ་ཚད་མྱུར་དྲགས་པ་དང་ཡང་ན་ཁྲག་ཤེད་དམའ་དྲགས་ཚེ་སྙིང་དང་ཀླད་པར་ཁྲག་གིས་མི་འདང་བར་འགྱུར་ལ། མགོ་ཡོམ་འཁོར་བ་དང་ངལ་བས་དུབ་པ་སོགས་ཀྱི་ནད་རྟགས་ཀྱང་འབྱུང་བ་ཡིན། དེ་བས། ཁྲག་ཤེད་གཅོག་པ་ལ་ངེས་པར“དལ་ཞིང་བརྟན་པའི”རྩ་དོན་ངེས་དགོས་པ་ཡིན། སྤྱིར་བཏང་དུ། གཟའ་འཁོར་བཞི་ནས་བཅུ་གཉིས་རིང་ལ་ཁྲག་ཤེད140∕90mmHgཡི་དམིགས་ཚད་དུ་འབབ་ཐུབ་པས་འགྲིག་པ་ཡིན། ལྷག་པར་གཤམ་དུ་བསྟན་པའི་ནད་པ་འདིའི་རིགས་ལ། ཁྲག་ཤེད་གཅོག་ཐལ་ཆེ་མི་རུང་།

གཅིག ལུས་ཀྱི་སྡོད་སྟངས་དང་འབྲེལ་བའི་ཁྲག་ཤེད་ནད་པ། ནད་པ་འདིའི་རིགས་ལ་སྤྱིར་བཏང་ཁྲག་ཤེད་མཐོ་བའི་ནད་རྟགས་མེད་ལ། ཕལ་ཆེ་བ་ནི་ལུས་ཕུང་བརྟག་དཔྱད་བྱེད་སྐབས་ལྟ་བུའི་སྟེས་དབང་གི་དུས་སུ་མངོན་པ་ཡིན། ལོ་ན་གཞོན་པའི་མི་དང་ཁྲག་ཤེད་རྒྱུན་ལྡན་ཡིན་པའི་དར་མ་ལ་ཁྲག་ཤེད་མཐོ་བའི་ནད་མ་བྱུང་སྔོན་དུ་འབྱུང་བ་ཡིན་ལ། ཁྲག་ཤེད་མཐོ་བའི་ནད་ཀྱི་སྔ་ལྟས་ཤིག་ཀྱང་ཡིན་པར་བརྗོད། མི་འདིའི་རིགས་ལ་ཁྲག་ཤེད་གཅོག་ཐལ་ཆེ་བ་དང་། ཡང་ན་ལུས་ཀྱི་སྡོད་སྟངས་འགྱུར་བ་དང་བསྟུན་ནས། ཀླད་པར་ཁྲག་གིས་མི་འདང་བའི་གནས་ཚུལ་འབྱུང་སླ།

གཉིས། ཁྲག་ཤེད་མཐོ་བའི་ཀླད་ནད་ཅན། ནད་པ་འདིའི་རིགས་ཀྱི་ཁྱད་ཆོས་ནི་ཁྲག་ཤེད་གློ་བུར་འཕར་འགྲོ་བ་དང་། ཀླད་པའི་ཁྲག་ཤེད་ཇེ་མཐོར་འགྲོ་བ་དེ་ཡིན་པས། ཁྲག་ཤེད་གཅོག་དུས་གོམ་པ་རིམ་བགྲོད་ཀྱིས་གཅོག་དགོས་པ་ཡིན།

གསུམ། མཇིང་པའི་རྩ་ཆེན་གཉིས་དོག་དྲགས་པའི་ནད་པ། མཇིང་རྩ་ནི་ཀླད་པར་ཁྲག་འདྲེན་བྱེད་ཀྱི་རྩ་ཆེན་གཙོ་བོ་དེ་ཡིན་པས། ཁྲག་ཤེད་གཅོག་ཐལ་ཆེ་ན་ཀླད་པར་ཁྲག་གིས་མི་འདང་བའི་གནས་ཚུལ་འབྱུང་སླ།

བཞི། དལ་བར་སྡོད་དུས་ཀྱི་ཁྲག་ཤེད་མཐོ་བའི་མི། མི་འདིའི་རིགས་ལ་གོམ་པ་རིམ་བགྲོད་ཀྱིས་ཁྲག་ཤེད་བཅག་ནས140∕90mmHgལ་བབས་པས་འགྲིག་པ་ཡིན། ཁྲག་ཤེད་དམའ་དྲགས་ན་སྐྱུགས་མེར་ལངས་པ་དང་མགོ་ཡོམ་འཁོར་བ། སྙིང་ཁ་མི་བདེ་བ་སོགས་སློང་བ་ཡིན།

ལྔ། རྒན་པའི་རྩ་སྐུམ་ཁྲག་ཤེད་མཐོ་བའི་ནད་པ། མི་འདིའི་རིགས་ལ་ཁྲག་ཤེད་དམའ་དྲགས་ཚེ་རྩ་སྐྱོང་ཁྲག་ཤེད་ཀྱང་ཇེ་དམའ་རུ་འགྲོ་བ་ཡིན་ལ། དེ་ལས་ཀླད་པར་ཁྲག་གིས་མི་འདང་བར་འགྱུར་བ་དང་། མགོ་ཡོམ་འཁོར་བའི་ནད་རྟགས་འབྱུང་བ་ཡིན།

དྲུག ལུས་ཟུངས་ཟད་པའི་རྒན་པ། རྒན་པ་དེའི་རིགས་ནི་མལ་སར་ཡུན་རིང་ཉལ་བ་དང་། ལུས་སྟོབས་ཞན་པ། དོན་སྣོད་དབང་བོའི་བྱེད་ནུས་ཉམས་པའི་རིགས་ཡིན་ལ། ཡང་ན་གཅིན་སྙི་ཟ་ཁུའི་ནད་དང་པྲོག་དབྱིབས་སྙིང་ནད་སོགས་ཀྱི་བླ་གཉན་བསྡོངས་པའི་ནད་པ་ཡིན། ཁྲག་ཤེད་གཅོག་ཐལ་ཆེ་ན་དོན་སྣོད་དབང་བོ་ལ་ཁྲག་གིས་མི་འདང་བར་འགྱུར་བས། ཁྲག་གི་བརྟག་འབྲས་རྒྱུན་ལྡན་དུ་མི་གནས་པའི་གནས་ཚུལ་འབྱུང་བ་ཡིན།

བདུན། ལོ་བརྒྱད་ཅུའི་ཡན་གྱི་རྒན་པ། ནད་པ་རེ་རེའི་ཁྲག་ཤེད་གཅོག་དུས་ཀྱི་སྣང་ཚུལ་ཐ་དད་དུ་མཐོང་བས། ལོ་ན་མཐོ་བའི་རྒན་པའི་ཁྲག་ཤེད་ཀྱི་ཚད་གཞི་ནི་རྒྱུན་ལྡན་གྱི་ཚད་གཞི་ལས་ཡངས་པོར་འཛིན་ཆོག་པ་ཡིན།

མདོར་ན། ཁྲག་ཤེད་གཅོག་ཐབས་ལ་མི་རེ་རེའི་གནས་ཚུལ་ལ་བལྟས་ནས་ཐག་གཅོད་དགོས། ཁྲག་ཤེད་མྱུར་བར་གཅོག་པ་དང་གཅོག་ཚད་ཐལ་ཆེ་ན་མི་བདེ་བའི་སྣང་ཚུལ་སྣ་ཚོགས་བསྐྱེད་པས་དེ་ལ་གཡོལ་ཐབས་བྱེད་དགོས། མཇིང་རྩ་དོག་དྲགས་པ་དང་ཀླད་ཁྲག་མི་འདང་བ། མཁལ་མའི་ནད་ཡོད་པ། པྲོག་དབྱིབས་སྙིང་ནད་ཚབས་ཆེ་བ་སོགས་ཀྱི་ནད་པ་ལ་ལྷག་པར་མཉམ་འཇོག་དགོས། རབ་ཡིན་ན་ཁྲག་ཤེད་མཐོ་བའི་ནད་པར་ཁྲག་ཤེད་རྒྱུན་པར་འཇལ་བའི་གོམས་གཤིས་ཡོད་དགོས་ལ། ཚད་གཞི་ལས་ཡོལ་བ་མཐོང་ཚེ། སྨན་པའི་ངག་བཞིན་སྨན་གང་འཕྲོད་དུ་བསྟེན་དགོས་པ་ལས། ཁྲག་ཤེད་མྱུར་བར་གཅོག་པ་དང་གཅོག་ཐལ་ཆེ་བ་སོགས་ནི་མཐའ་གཅིག་ཏུ་སྤང་དགོས། །

རྩོམ་སྒྲིག་པ། འབྲུག་མོ།