གཉེན་སྒྲིག་དུས་དང་དགའ་རོགས་འཚོལ་སྐབས་ངེས་པར་དུ་རེག་དུག་དང་ཨེ་ཙི་ཡོད་མེད་ལ་བརྟག་བཤེར་བྱེད་པའི་གོམས་སྲོལ་ཆགས་པར་བྱ་དགོས།
2024.03.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གཞོན་སྐྱེས་ཕོ་མོ་རྣམས་གཉེན་སྒྲིག་བྱེད་དུས་ས་གནས་ཀྱི་ནད་རིམས་ཚོད་འཛིན་ལྟེ་གནས་དང་། ཡང་ན་རྫོང་མི་དམངས་སྨན་ཁང་སོགས་སོང་ནས་ཕྱོགས་གཉིས་ཀར་རེག་དུག་དང་ཨེ་ཙི་ཡོད་མེད་བརྟག་བཤེར་ལེགས་པོ་བྱེད་དགོས་པ་དང་། དེ་ལས་ཕོ་མོ་གཉིས་ཀར་རེག་དུག་དང་ཨེ་ཙི་མེད་ན་ད་གཟོད་རང་རང་གི་འཆར་གཞི་ལྟར་གཉེན་སྒྲིག་བྱེད་ཆོག་པ་དང་། ཕོ་མོ་གང་རུང་ཞིག་ལ་རེག་དུག་གམ་ཨེ་ཙིའི་ནད་ཡོད་ཚེ་གཏན་ནས་གཉེན་སྒྲིག་བྱེད་མི་རུང་བ་དང་། གལ་ཏེ་གཉིས་ཀར་རེག་དུག་ཡོད་ན་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་རྗེས་ད་གཟོད་གཉེན་སྒྲིག་ཆོག་པ་རེད། ཡང་ན་གཉེན་སྒྲིག་ལ་ཉེ་བའི་ཕོ་མོ་གང་རུང་ཞིག་ལ་རེག་དུག་ཡོད་ན་ཡང་། དེ་ལ་འབྲེལ་ཡོད་སྨན་བཅོས་བྱས་ཏེ་སངས་དྲག་བྱུང་རག་བར་དུ་གཉེན་སྒྲིག་བྱེད་མི་རུང་། རྒྱུ་མཚན་ཅི་ཞེ་ན། ཕོ་མོ་གཉིས་ཀར་རེག་དུག་ཡོད་པ་མ་ཚོར་བར་གཉེན་སྒྲིག་པ་ཡིན་ན། ཡུན་མི་རིང་བར་སྐྱེས་པ་དེའི་ཆུང་མར་མངལ་སྦྲུམ་པ་ནི་ཆོས་ཉིད་ཡིན་པ་དང་། དེ་ལྟ་བུའི་རེག་དུག་ཅན་གྱི་བུད་མེད་ཅིག་ལ་མངལ་སྦྲུམ་པ་ནི་བདེ་ཐང་གི་ཐད་ནས་བཤད་ན་ཤིན་ཏུ་ཉེན་ཁ་ཆེ་བ་ཞིག་ཡིན་ཏེ། ཨ་མ་དེའི་རེག་དུག་གི་ནད་ཀྱིས་མངལ་གནས་བྱིས་པའི་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་ནས་བྱིས་པ་མངལ་ནས་འཆི་བའམ། ཡང་ན་བྱིས་པ་མངལ་ནས་འཆོར་བ། བྱིས་པ་མངལ་ནས་མ་ཤི་མ་ཤོར་བར་སྐྱེས་པ་ཡིན་ན་ཡང་། དབང་བོ་སྐྱོན་ཅན་དང་། ཁ་ཤོ་སྣ་ཤོ་དང་མིག་ནད་ཅན་སོགས་ལྷན་སྐྱེས་རེག་དུག་ཅན་མི་སྐྱེ་བའི་ངེས་པ་མེད་པ་དང་། དེ་ལྟ་བུའི་བྱིས་པ་ནད་པ་ཞིག་སྐྱེས་པ་ཡིན་ན། བྱིས་པ་རང་ཉིད་ལ་མཚོན་ནས་བཤད་ན་ཡང་མི་ཚེ་གང་བོར་དབང་བོ་སྐྱོན་ཅན་ཡིན་པ་དང་། བྱིས་པ་ནད་པ་ཅན་གྱི་ཕ་མ་ལ་མཚོན་ན་ཡང་། བྱིས་པ་བདེ་ཐང་ཅན་གྱི་ཕ་མ་ལས་སྡུག་བསྔལ་དང་སེམས་ཁུར་ལྕི་བ་རེད། སྤྱིར་ཡིན་ན་བྱིས་པ་ནི་ཕ་མའི་གཅེས་ཕྲུག་དང་ཁྱིམ་གྱི་རྟེན་གཞི། བདེ་སྐྱིད་ཀྱི་གཞི་མ། མི་རིགས་ཀྱི་ཤུལ་འཛིན། རྒྱལ་ཁབ་ཀྱི་མ་འོངས་པའི་རེ་ལྟོས་བཅས་ཡིན་མོད། འོན་ཀྱང་འདི་ལྟ་བུའི་ཕ་མ་ནད་ཅན་ལས་རེག་དུག་ལྷན་སྐྱེས་ཅན་གྱི་བྱིས་པ་ནད་པ་ཞིག་སྐྱེས་པའི་དབང་དུ་བཏང་བ་ཡིན་ན། བྱིས་པ་རང་ཉིད་བརྩིས་པའི་མི་སུ་ལ་མཚོན་ན་ཡང་དེ་ལ་རེ་བ་ཅི་ཞིག་མཆིས་སམ། དེ་ལྟ་བུའི་བྱིས་པ་ནད་པ་ཞིག་སྐྱེས་པ་ལས་མེད་ན་བཟང་བ་རེད། དེ་བས་བྱིས་པ་མ་སྦྲུམ་པའི་སྔོན་ནས་ཕ་མ་གཉིས་ལ་རེག་དུག་ཡོད་མེད་ཁྲག་བཤེར་བྱ་རྒྱུ་ནི་གལ་ཆེན་རེད། སྔ་མོ་ནས་བརྟག་བཤེར་བྱས་པ་བརྒྱུད་རེག་དུག་ཡོད་པ་ཤེས་ཚེ། ཚད་ལྡན་སྨན་ཁང་དུ་སོང་སྟེ་སྨན་བཅོས་བྱ་རྒྱུ་དང་། དེ་རྗེས་བདེ་ཐང་དང་རྒྱུན་ལྡན་ཡིན་པའི་སྐབས་སུ་ད་གཟོད་མངལ་སྦྲུམ་ཆོག་པ་རེད། གལ་ཏེ་གཉེན་སྒྲིག་ལ་ཉེ་བའི་ཕོ་མོ་གཉིས་ཀར་འགོས་ནད་ངན་པ་ཨེ་ཙི་ནད་ཡོད་ཚེ་གཉེན་སྒྲིག་དང་བྱིས་པ་བཙའ་མི་རུང་བ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རོ། ། དེ་ལྟར་བྱིས་པ་བདེ་ཐང་ཞིག་སྐྱེས་པའི་ཆེད་དུ་བྱིས་པའི་ཕ་མ་སྟེ། ཕོ་མོ་རྣམས་ཀྱིས་གཉེན་མ་སྒྲིག་པའི་སྔ་རོལ་ནས་ལུས་ཕུང་བདེ་ཐང་གི་བརྟག་བཤེར་བྱ་རྒྱུ་ནི་ཧ་ཅང་ཁ་ཚ་དགོས་གཏུགས་ཤིག་རེད། 

རྩོམ་སྒྲིག་པ། འབྲུག་མོ།