རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བའི་ཉེན་བརྡ་འགའ།
2024.04.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

སྲ་ཞིང་བརྟན་ལ་བདེ་ཐང་ཡིན་པའི་རིམས་འགོག་མ་ལག་གིས་མཚོན་འགོག་གི་ཕུབ་དང་འདྲ་བར་མིའི་ལུས་པོར་སྲུང་སྐྱོང་བྱ་ཐུབ་ཅིང་། ཆེས་ཆེ་བའི་ཚད་ཐིག་གིས་ཕྲ་སྲིན་དང་ནད་སྲིན། གཞན་པའི་སྐྱེ་དངོས་ཕྲ་མོ་སོགས་ཀྱི་གནོད་འཚེ་འགོག་ཐུབ། ཡིན་ནའང་གལ་ཏེ་རིམས་འགོག་ནུས་པ་ཇེ་ཞན་དུ་གྱུར་ཚེ། མིའི་ལུས་པོར་བདེ་ཐང་གི་གནད་དོན་སྣ་ཚོགས་འབྱུང་ངེས། ཉེ་ལམ། དབྱིན་ཇི་རྒྱལ་ཁབ་ཀྱི“འཚོ་བའི་དོན་ཆུང”ཞེས་པའི་དྲ་ཚུགས་ཀྱིས་གསལ་འདེབས་བྱས་པ་ལྟར་ན། རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་སྐབས་ལུས་པོས་གཤམ་གྱི་ཉེན་བརྡ་འདི་དག་གཏོང་ངེས་པས། ཚང་མས་གཟབ་གཟབ་བྱ་དགོས།

གཅིག སེམས་ཀྱི་གནོན་ཤུགས་ཆེ་དྲགས་པ།

མཚམས་མེད་པའི་གནོན་ཤུགས་ནི་རིམས་འགོག་མ་ལག་ཇེ་ཞན་དུ་འགྲོ་བའི་བརྡ་རྟགས་ཤིག་ཡིན་སྲིད། གལ་ཏེ་ནམ་རྒྱུན་དོན་ག་གེ་མོ་ལ་རྐྱེན་བྱས་ཏེ་གནོན་ཤུགས་ཆེ་དྲགས་པའི་ཚོར་བ་ཡོད་པ་དང་། དངངས་སྐྲག་སྐྱེས་ཏེ་ག་བྱེད་འདི་བྱེད་མེད་པ་སོགས་འབྱུང་ན། རིམས་འགོག་ནུས་པ་ཇེ་ཞན་དུ་འགྱུར་བའི་ཉེན་ཁ་ཡོད་མེད་ལ་བསམ་བློ་གཏོང་དགོས། ཨ་རིའི་སེམས་ཁམས་རིག་པའི་སློབ་ཚོགས་ཀྱི་ཞིབ་འཇུག་ཅིག་གིས་ར་སྤྲོད་བྱས་པ་ལྟར་ན། དུས་ཡུན་རིང་བོར་གནོན་ཤུགས་ཆེ་དྲགས་ན་ལུས་ནང་གི་ཕྲ་ཕུང་དཀར་པོ་ཇེ་ཉུང་དུ་འགྲོ་བ་དང་། དེ་ལ་རྐྱེན་བྱས་ཏེ་རིམས་འགོག་ནུས་པ་ཇེ་ཞན་དུ་འགྱུར་སྲིད།

གཉིས། དུས་རྒྱུན་ཆམ་པ་ཕོག་པ།

མི་དར་མར་ལོ་རེར་ཐེངས2ནས3ལ་ཆམ་པ་ཕོག་པ་ནི་རྒྱུན་ལྡན་ཡིན་ལ། སྤྱིར་བཏང་གི་ཆམ་པ་ནི་ཕལ་ཆེར་གཟའ་འཁོར་གཅིག་གི་རིང་ལ་སངས་དྲག་འབྱུང་ཐུབ། གལ་ཏེ་དུས་རྒྱུན་ཆམ་པ་ཕོག་པའམ་དུས་ཡུན་རིང་བོར་དྲག་སྐྱེད་མི་འབྱུང་ན་དེ་ནི་རིམས་འགོག་ནུས་པ་ཞན་པའི་རྟགས་ཡིན། ཨ་རིའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་སྙན་ཞུ་ཞིག་ལས་བསྟན་པ་ལྟར་ན། རིམས་འགོག་ནུས་པ་ཞན་པའི་མི་ལ་ཆམ་པ་བྱུང་ན་དབུགས་ལམ་གྱི་ནད་ཚབས་ཆེན་སློང་སྲིད་དེ། དཔེར་ན་གློ་ཡུའི་ཡན་ལག་གཉན་ཚད་དང་གློ་བའི་གཉན་ཚད་ལྟ་བུའོ། །

གསུམ། ཕོ་རྒྱུ་ཡུན་རིང་བོར་མི་བདེ་བ།

གལ་ཏེ་དུས་རྒྱུན་ཕོ་བ་སྦོས་པ་དང་བཤལ་བ། རྩ་སྐམ་པ་སོགས་ཕོ་རྒྱུའི་གནད་དོན་བྱུང་ན། རིམས་འགོག་མ་ལག་ལ་གནོད་འཚེ་ཐེབས་ཚད་ཇེ་མཐོར་འགྲོ་བ་ཡིན། ཨ་རིའི་རྒྱལ་བཙུགས་འཕྲོད་བསྟེན་ཞིབ་འཇུག་གླིང་གི་ཞིབ་འཇུག་ཅིག་ལས་ར་སྤྲོད་བྱས་པ་ལྟར་ན། རྒྱུ་མ་ནི་མིའི་ལུས་པོའི་ཆེས་ཆེ་བའི་རིམས་འགོག་མ་ལག་ཡིན་པའི་ཆ་ནས། དེས70%ཡན་གྱི་རིམས་འགོག་ཕྲ་ཕུང་ལ་བདག་གཉེར་བྱེད་ཀྱིན་ཡོད་ལ། དུས་མཚུངས་སུ་མིའི་ལུས་པོའི་ཆེས་བྲེལ་ཟིང་ཆེ་བའི་དབང་བོའང་ཡིན་པས། ཕལ་ཆེར་དུས་སྐབས་ཀུན་ཏུ་ལས་ཀ་བྱེད་པ་དང་མིའི་ལུས་པོར་འཚོ་བཅུད་མཁོ་སྤྲོད་བྱེད་བཞིན་ཡོད། དེ་བས་གལ་ཏེ་རྒྱུ་མའི་བྱེད་ནུས་འཁྲུགས་ཏེ་ཕན་ཡོད་ཕྲ་སྲིན་གྱི་ཁ་གྲངས་མ་འདང་ཚེ། ཕྲ་སྲིན་དང་ནད་དུག་སོགས་འགོ་བ་དང་རིམས་འགོག་མ་ལག་འཁྲུག་པའི་ཉེན་ཁ་ཇེ་ཆེར་འགྲོ་ངེས།

བཞི། དུས་རྒྱུན་ཐང་ཆད་པ།

ཞག་གང་བོར་གཉིད་ནའང་ཧ་ཅང་ཐང་ཆད་པའི་སྣང་བ་འབྱུང་བ་ནི་རྒྱུན་ལྡན་ཞིག་མིན་པས་ང་ཚོས་ངེས་པར་དུ་དོ་སྣང་བྱ་འོས། རིམས་འགོག་མ་ལག་གིས་རྣམ་རིག་ལ་ཤུགས་རྐྱེན་ཐེབས་སླ་བས། གལ་ཏེ་དུས་རྒྱུན་རྣམ་རིག་སྒྲིམ་མི་ཐུབ་པ་སོགས་བྱུང་ཚེ། རིམས་འགོག་ནུས་པ་ཇེ་ཞན་དུ་གྱུར་ཡོད་མེད་ལ་བསམ་བློ་གཏོང་འོས།

ལྔ། ནད་འགོ་སླ་བ་དང་རྨ་ཁ་སོས་དཀའ་བ།

རིམས་འགོག་ནུས་པ་ཞན་པའི་མི་དར་མ་རྣམས་ལ་ནད་སྣ་ཚོགས་འགོ་སླ་བ་སྟེ། དཔེར་ན་ལོ་རེར་ཐེངས་གཉིས་ལ་གློ་བའི་གཉན་ཚད་ཕོག་པ་དང་། ཡང་དང་བསྐྱར་དུ་རྣ་བའི་གཉན་ཚད་དང་དལ་གཤིས་སྣའི་གཉན་ཚད་ཕོག་པ། རྨ་ཁ་སོས་དཀའ་བ་སོགས་ལྟ་བུའོ། །

རིམས་འགོག་མ་ལག་ལ་སྲུང་སྐྱོབ་དང་རིམས་འགོག་ནུས་པ་ཇེ་ཆེར་དུ་གཏོང་ཆེད། ཆེད་མཁས་པས་ང་ཚོར་བདེ་ཐང་གི་འཚོ་བའི་གོམས་གཤིས་རྒྱུན་འཁྱོངས་དང་གཉིད་འདང་བར་བྱེད་པ། དུ་བ་གཅོད་པ་དང་ཆང་ལ་ཚོད་འཛིན་པ་སོགས་ཀྱི་གྲོས་གཞི་བཏོན་ཡོད་ལ། དགོས་ངེས་དང་འཕྲད་ན་སྨན་པའི་མཛུབ་སྟོན་འོག་འབྲེལ་ཡོད་ཀྱི་སྨན་ཡང་བསྟེན་དགོས། །

རྩོམ་སྒྲིག་པ། འབྲུག་མོ།