པུས་ཚིགས་ན་བ་གསོ་བཅོས་དང་སྔོན་འགོག་བྱེད་ཐབས།
2024.04.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

དང་པོ། པུས་ཚིགས་ན་བ་གསོ་བཅོས་བྱེད་ཐབས།

གཅིག ངལ་གསོ་བྱེད་པ། པུས་ཚིགས་ན་བ་ལ་ངལ་གསོ་བྱེད་རྒྱུ་ནི་གཙོ་བོ་ཡིན། ངལ་གསོ་འོས་འཚམ་བྱས་ན་གཉན་ཚད་དང་ན་ཟུག་ཇེ་ཉུང་དུ་གཏོང་ཐུབ།

གཉིས། གྲང་བཅོས་དང་ཚ་བཅོས། ན་ཟུག་འབྱུང་བའི་དུས་མགོར་གྲང་བཅོས་བྱས་ན་སྐྲངས་པ་དང་ན་ཟུག་ཇེ་ཆུང་དུ་གཏོང་ཐུབ་ལ། དུས་ཡུན་འགོར་བ་དང་བསྟུན་ནས་ཚ་བཅོས་བྱས་ན་ཤ་གྲིམ་ལྷོད་པར་ཕན་པ་དང་ཁྲག་གི་འཁོར་སྐྱོད་ལ་སྐུལ་འདེད་བྱེད་ཐུབ།

གསུམ། སྨན་ཐོ་མི་དགོས་པའི་སྨན། དཔེར་ན་པུ་ལོ་ཧྥུན་དང་ཀྲུང་ལུགས་སྨན་ཁབ་སོགས་སྨན་ཐོ་མི་དགོས་པའི་སྨན་གྱིས་ན་ཟུག་དང་གཉན་ཚད་ཇེ་ཆུང་དུ་གཏོང་ཐུབ།

བཞི། དངོས་ལུགས་གསོ་བཅོས། དངོས་ལུགས་གསོ་བཅོས་ཚན་ཁག་གི་སྨན་པས་ཆེད་ལས་ཀྱི་བསམ་འཆར་དང་སྨན་བཅོས་བྱེད་ཐབས་མཁོ་འདོན་བྱས་ནས་པུས་ཚིགས་ཀྱི་ནུས་པ་སླར་གསོ་དང་ན་ཟུག་ཇེ་ཆུང་དུ་གཏོང་བར་རོགས་རམ་བྱ་དགོས། འཕུར་མཉེད་དང་སྐམ་ཁབ། མེ་བཙའ། ན་ཟུག་གི་སྒོ་བསྟེན་སྨན་ཁང་ལ་ཡང་ཆེད་ལས་ཀྱི་གསོ་བཅོས་བྱེད་ཐབས་མང་པོ་ཡོད།

ལྔ། གཤག་བཅོས། ཚབས་ཆེ་བའི་ནད་དཔེ་སྟེ། དཔེར་ན་ཆུ་བུར་གཤགས་གས་སམ་པུས་མོའི་འཕང་ལོར་ཆག་སྐྱོན་བྱུང་བ་ལ་གཤག་བཅོས་བྱ་དགོས།

གཉིས། པུས་ཚིགས་ན་བ་སྔོན་འགོག་བྱེད་ཐབས།

གཅིག བདེ་ཐང་གི་ལྗིད་ཚད་རྒྱུན་སྲུང་བྱེད་པ། ལུས་པོ་ལྗིད་དྲགས་ཚེ་པུས་ཚིགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་ནས་ན་ཟུག་ལངས་པ་ཡིན།

གཉིས། འགུལ་སྐྱོད་འོས་འཚམ་བྱེད་པ། འགུལ་སྐྱོད་འོས་འཚམ་བྱས་ན་ཤ་གནད་རྒྱས་པ་དང་པུས་ཚིགས་ཀྱི་བརྟན་བརླིང་རང་བཞིན་ཇེ་མཐོར་བཏང་སྟེ། རྨས་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

གསུམ། ལུས་རྩལ་སྦྱོང་བརྡར་འོས་འཚམ་བྱེད་པ། ཚད་ལས་བརྒལ་བའི་ལུས་རྩལ་ལ་འཛེམ་སྟེ། ཚིགས་ལ་ངལ་གསོ་བྱེད་པའི་དུས་ཚོད་འདང་ངེས་ཤིག་སྤྲོད་དགོས།

བཞི། འོས་ཤིང་འཚམ་པའི་ལྷམ་དང་སྲུང་ཆས་སྤྱོད་པ། འོས་ཤིང་འཚམ་པའི་ལྷམ་དང་སྲུང་ཆས་ཀྱིས་དགོས་ངེས་ཀྱི་འདེགས་སྐྱོར་དང་སྲུང་སྐྱོབ་བྱེད་ཐུབ།

ལྔ། དུས་བཅད་ལྟར་བརྟག་དཔྱད་བྱེད་པ། དུས་བཅད་ལྟར་ལུས་པོ་དང་ཚིགས་ལ་བརྟག་དཔྱད་བྱས་ཚེ་མངོན་མེད་ཀྱི་གནད་དོན་གང་ཡིན་རུང་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་ཐུབ། །

རྩོམ་སྒྲིག་པ། འབྲུག་མོ།