དཔྱིད་དུས་ཀྱི་ཆམ་རིམས་སྔོན་འགོག
2024.04.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ས་གཞིའི་ཁྱོན་ལ་དཔྱིད་ཀྱི་དཔལ་ཡོན་ངང་གིས་ཤར་ནས། ཁོ་ར་ཁོར་ཡུག་ཀུན་ཏུ་སྐྱེ་སྟོབས་ཀྱི་གསོན་ཤུགས་དལ་གྱིས་མངོན་བཞིན་པའི་སྐབས་འདིར། ནམ་ཟླའི་དྲོད་ཚད་དང་བསྟུན་ནས་ནད་འབུའི་རིགས་ཀྱི་སྐྱེ་འཕེལ་ཧ་ཅང་མགྱོགས་པར་མ་ཟད། འགོས་ཁྱབ་རང་བཞིན་གྱི་ཆམ་རིམས་རིགས་ཕན་ཚུན་བར་འགོ་ཚད་དེ་བས་ཀྱང་མགྱོགས། དེས་ན་འགོས་ཁྱབ་རང་བཞིན་གྱི་ཆམ་རིམས་ལ་ནད་རྟགས་གང་དག་ཡོད་པ་དང་། དེ་ཇི་ལྟར་སྔོན་འགོག་བྱ་དགོས་ཤེ་ན།

འགོས་ཁྱབ་རང་བཞིན་གྱི་ཆམ་རིམས་ནི་འགོས་ཤུགས་ཧ་ཅང་ཆེ་བའི་ཆམ་རིམས་ནད་དུག་གིས་བསླངས་པའི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན། དེའི་ནད་རྟགས་གཙོ་བོ་ནི་ཚ་རྒྱག་པ་དང་། མགོ་ན་བ། སྣ་ཆུ་བཞུར་བ། མིད་པ་ན་བ། སྐམ་ལུ་རྒྱག་པ་སོགས་ཡིན་པར་མ་ཟད། ལུས་པོ་ཡོངས་ཀྱི་ཤ་གྲུམ་དང་རུས་ཚིགས་ན་བ། སྐབས་ལ་ལར་གློ་ཚད་འབྱུང་བའམ་ཕོ་བ་དང་རྒྱུ་མ་ན་བའི་ཆམ་རིམས་ཚབས་ཆེན་འབྱུང་བའི་ཉེན་ཁའང་ཡོད། འགོས་ཁྱབ་རང་བཞིན་གྱི་ཆམ་རིམས་ཀྱི་ནད་རྟགས་ཕྱིར་མི་མངོན་པའི་དུས་ནི་སྤྱིར་བཏང་དུ་ཉིན་གཅིག་ནས་གསུམ་བར་ཡིན་ལ། འགོས་ཁྱབ་ནུས་པ་ལྡན་པའི་དུས་ཡུན་ནི་གཟའ་འཁོར་གཅིག་ཡས་མས་ཡིན། འགོས་ཁྱབ་འབྱུང་ཡུལ་གཙོ་བོ་མཁའ་དབུགས་ཁྲོད་ནས་ཐད་ཀར་འགོ་བའམ་དབུགས་འབྱིནརྔུབ་བརྒྱུད་ནས་འགོ་བ། ཡང་ན་ནད་དུག་འགོས་པའི་དངོས་རྫས་བརྒྱུད་ནས་འགོ་བ་བཅས་ཡིན།

དཔྱིད་དུས་ཀྱི་འགོས་ཁྱབ་རང་བཞིན་ཅན་གྱི་ཆམ་རིམས་སྔོན་འགོག་བྱེད་ཐབས།

གཅིག ལུས་སྦྱོང་བྱས་ཏེ་ལུས་ཕུང་གི་ནད་འགོག་ནུས་པ་ཆེ་རུ་གཏོང་བ།

གཉིས། གནམ་གཤིས་ཀྱི་འགྱུར་ལྡོག་དང་བསྟུན་ནས་དེ་འཚམ་གྱི་ལྭ་བ་གྱོན་ཏེ་ལུས་ཕུང་འཁྱག་ཏུ་མི་འཇུག་པ།

གསུམ། རྒྱུན་དུ་ཁང་པའི་ཕྱི་ནང་ལ་གཙང་སྦྲ་ལེགས་པོ་བྱེད་པ་དང་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས་པར་མ་ཟད། ཕྱི་རོལ་དུ་ལུས་སྦྱོང་བྱེད་པའམ་ཉི་མར་ལྡེ་བ་སོགས་བྱ་དགོས།

བཞི། ཆམ་རིམས་དང་དབུགས་ལམ་གྱི་འགོས་ནད་ཡོད་སར་མི་འགྲོ་བ།

ལྔ། ཆུ་མང་དུ་འཐུང་བ་དང་ཁ་ལུད་གང་སར་མི་འཕེན་པ། ལག་པ་གཙང་བཀྲུ་བྱེད་པ་སོགས་འཚོ་བའི་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱེད་པ།

དྲུག བྱིས་པ་དང་རྒན་པ། ལུས་སྟོབས་ཞན་པ་དང་གཅོང་ནད་ཕོག་པའི་མི་སོགས་མི་ཚོགས་འདུ་ས་དང་འཚང་ཁ་ཆེ་སར་མི་འགྲོ་བ་བཅས་བྱ་དགོས། །

རྩོམ་སྒྲིག་པ། འབྲུག་མོ།