ཁྲག་ཤེད་དམའ་བའི་ནད་པས་རླུང་ཟས་བསྟེན་རིགས།
2024.04.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཁྲག་ཤེད་མཐོ་བའི་ནད་ནི་འབྱུང་ཚད་མཐོ་བར་མ་ཟད་ཉེན་ཁའང་ཆེ་བས། རྒྱུན་དུ་འཇིགས་སུ་རུང་བ་ཞིག་ཏུ་བལྟ། ཡིན་ནའང་ཁྲག་ཤེད་དམའ་བའི་ནད་སྣང་མེད་དུ་འཇོག་མི་རུང་།ཁྲག་ཤེད་དམའ་བ་ཚབས་ཆེ་ན་མིག་མི་གསལ་བ་དང་ཐང་ཆད་པ། མགོ་ཡོམ་འཁོར་བ་སོགས་འབྱུང་ལ། ཐ་ན་ཀླད་སྙིང་ཁྲག་རྩར་ཁྲག་གིས་མ་འདང་བར་སྙིང་འགག་གམ་ཀླད་འགག་འབྱུང་ཉེན་ཡང་ཆེ།

གལ་ཏེ་ཁྲག་ཤེད་ཚད་ཐིག་ལ་མ་སླེབས་པར་ཡུན་རིང་འགོར་བ་ལ། མི་བདེ་བའི་ནད་རྟགས་གང་ཡང་མེད་ན་དེ་ལ་སྐྱེ་ལུགས་རང་བཞིན་གྱི་ཁྲག་ཤེད་དམའ་བ་ཞེས་སུ་བརྗོད་ལ། སྤྱིར་བཏང་དམིགས་བསལ་གྱི་གསོ་བཅོས་གང་ཡང་བྱེད་མི་དགོས། ཡིན་ནའང་། གལ་ཏེ་མགོ་ཡོམ་འཁོར་བ་དང་མིག་མི་གསལ་བའི་ནད་རྟགས་ཤིན་ཏུ་ལྕི་ན། འགྱེལ་བ་དང་རིག་པ་མི་དྭངས་པ། སྐྱུགས་མེར་ལངས་པ་སོགས་འབྱུང་ལ། ཡང་ན་སྙིང་ཁ་མི་བདེ་བ་དང་སྙིང་ཁ་གཟེར་བ་སོགས་འབྱུང་བས། མྱུར་དུ་སྨན་ཁང་དུ་སོང་ནས་གསོ་བཅོས་བྱེད་དགོས།

ཁྲག་ཤེད་དམའ་བ་ཚབས་ཆེན་གྱི་རིགས་ལ་སྨན་གྱིས་གསོ་དགོས་ལ། ནད་རྟགས་མེད་པའམ་ནད་རྟགས་ཡང་ན་རྒྱུན་བསྟེན་གྱི་བདེ་སྲུང་ཐབས་ལམ་ལ་བརྟེན་ནས་ཁྲག་ཤེད་ཇེ་མཐོར་གཏང་ཆོག

གཅིག རླུང་གསོ་བའི་ཟས་རིགས་བསྟེན་པ། ཀྲུང་ལུགས་གསོ་རིག་གིས་རླུང་ཁྲག་མི་འདང་བའི་མི་ལ་ཁྲག་ཤེད་དམའ་བར་བཞེད། དེ་ལ་རླུང་ཁྲག་གསོ་བ་དང་མཁལ་མཚེར་གསོ་བའི་ཟས་རིགས་མང་དུ་བསྟེན་དགོས་ཏེ། དཔེར་ན། པད་འབྲུ་དང་འབྲུག་མིག འབྲ་གོ་དམར་པོ། འོ་སེ་སོགས་ལྟ་བུ། ཟས་རིགས་འདི་དག་གིས་སྙིང་ཁྲག་གསོ་ལ་ཀླད་པ་དང་མཚེར་བ་ཡང་གསོ།

གཉིས། ཁ་སྦུབ་ཏུ་ལུས་པོ་འདེགས་འཇོག་བྱེད་པ་དང་། ལག་པའི་ཆིངས་ཤུགས་སྦྱོང་བ། ལུས་རྩལ་འདི་དག་ནི་འགུལ་སྐྱོད་ཚད་སྙོམས་ལ་ཁྲག་ཤེད་དམའ་བའི་ནད་པར་ཡང་འཚམ་པར་མ་ཟད། སྙིང་གི་སྐུམ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་སྡོད་རྩའི་ཁྲག་རྒྱུན་འཁོར་རྒྱུག་ལ་གྲོགས་སུ་འགྲོ་བས། སྙིང་གི་ཁྲག་འདྲེན་ཚད་ཇེ་མཐོར་བཏང་ནས་ཁྲག་ཤེད་ཇེ་མཐོར་གཏོང་ནུས།

གསུམ། ཆུ་དང་ཚྭ་ལ་བསྟེན་པ། ཁྲག་ཤེད་གློ་བུར་བབས་ཏེ་ལུས་ལ་མི་བདེ་བ་བྱུང་ན་ཚྭ་ཆུ་འོས་འཚམ་རེ་བསྟེན་རུང་བ་ཡིན་ཏེ། ཁྲག་གི་ཤོང་ཚད་བསྐྱེད་པ་ལས་ཁྲག་ཤེད་ཇེ་མཐོར་གཏོང་ཐུབ་པ་ཡིན།

བཞི། འཚོ་བཅུད་དང་ལྗིད་ཚད་སྙོམས་པ། ལུས་ཀྱི་ལྗིད་ཚད་ནི་ཁྲག་ཤེད་དང་འབྲེལ་བ་དམ་པོ་ཡོད་པས། སྤྱིར་བཏང་ལུས་ཀྱི་ལྗིད་ཚད་ཇེ་མཐོར་འགྲོ་བའི་སྐབས་སུ་ཁྲག་ཤེད་ཀྱང་ཇེ་མཐོར་འགྲོ་བ་ཡིན། དེ་བས་ལུས་པོ་ཚོ་དྲགས་ན་ཁྲག་ཤེད་མཐོ་བའི་ནད་བསྐྱེད་སླ། ཁྲག་ཤེད་དམའ་ལ་ལུས་ཀྱང་སྐེམ་པ་རྣམས་ཀྱིས་འཚོ་བཅུད་མང་དུ་བསྟེན་ནས་ལུས་ཀྱི་ལྗིད་ཚད་ཇེ་མཐོར་གང་འཚམ་གཏོང་རིགས། །

རྩོམ་སྒྲིག་པ། འབྲུག་མོ།