ཆང་དང་མཉམ་དུ་བསྟེན་མི་རུང་བའི་སྨན་རྫས་རིགས།
2024.04.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཆང་གི་གྲུབ་ཆ་གཙོ་བོ་ནི་ཆང་བཅུད་ཡིན་ལ། དེ་ནི་དབང་རྩ་ལ་ངར་སློང་བའི་བཏུང་བྱའི་རིགས་སུ་གཏོགས་པ་ཡིན། ཆང་བསྟེན་དྲགས་ན་མི་ལུས་ཀྱི་དབང་རྩ་དང་མཆིན་པ་དང་ཕོ་རྒྱུ། སྙིང་གི་ཁྲག་རྩ་སོགས་ལ་གནོད་པ་ཅི་རིགས་ཐེབས་པར་འགྱུར་བས། མི་ལུས་ཀྱི་བདེ་ཐང་ལ་ཕན་པ་མེད།

དེས་ན་སྨན་འདི་དག་ཆང་དང་ཕྲད་ཚེ། གནོད་པ་གང་དག་བཟོའམ་ཞེ་ན།

1.སྲིན་འགོག་སྨན་རྫས།

དེའི་ཚབ་མཚོན་དུ་རུང་བ་ནི་ཐོའུ་པོ་རིགས་ཀྱི་སྲིན་འགོག་སྨན་རྫས་ཡིན་ཏེ། སྨན་དེ་རིགས་བསྟེན་པའི་རྗེས་སུ་ཆང་འཐུང་བ་ཡིན་ན་ངོ་མདངས་དམར་པོར་འགྱུར་བ་དང་མིག་གི་འབྱར་སྐྱི་ལ་ཁྲག་རྩ་རྒྱས་པ། མཐོང་ལམ་མི་གསལ་བ། མགོ་དང་མཇིང་པའི་རྩ་རྣམས་འཕྲོས་པ། མགོ་ཡུ་འཁོར་བ་དང་སྐྱུགས་མེར་ལངས་པ་སོགས་ཀྱི་སྣང་ཚུལ་འབྱུང་ལ། ཚབས་ཆེ་བའི་སྐབས་སུ་སྙིང་འགགས་དང་སྙིང་ཁྲག་ཟད་པ། དབུགས་ལེན་དཀའ་བ་དང་བརྒྱལ་བར་འགྱུར་བ་སོགས་བྱེད་ལ། ཐ་ན་འཆི་བར་འགྱུར་བ་ཡང་ཡོད་དེ། དེ་ནི་ཆང་འཐུང་རྗེས་ཀྱི་སྐར་མ་བཅོ་ལྔ་ནས་སུམ་ཅུའི་བར་འབྱུང་བ་ཡིན། ནད་རྟགས་འགའ་ཞིག་ནི་ཆང་གི་བཟི་རྟགས་དང་འདྲ་བས་འཁྲུལ་ཉེན་ཡང་ཆེའོ། །

གཞན་དུ་ཟེ་ཚྭ་མུས་ཙའོ་རིགས་ཀྱི་སྨན་རྫས་བསྟེན་པའི་རྗེས་སུ་ཆང་འཐུང་ནའང་དེ་དང་ཆ་འདྲ་བའི་སྣང་ཚུལ་འབྱུང་སྲིད།

ཐོའུ་པོ་རིགས་ནི་ཆང་ལ་མི་འཕྲོད་པའི་སྣང་ཚུལ་འབྱུང་ཉེན་ཆེ་ཤོས་ཀྱི་སྲིན་འགོག་སྨན་རྫས་རིགས་ཡིན་ནའང་། ཐོའུ་པོ་རིགས་ཀྱི་སྨན་ཚང་མ་དེ་འདྲ་ཡིན་པའི་ངེས་པ་མེད་དེ། ཐོའུ་པོ་ཐ་ཏིང་དང་ཐོའུ་པོ་ཧོང་ཏིང་། ཐོའུ་པོ་སེ་ཝོ། ཐོའུ་པོ་ཙོ་ཝོ། ཐོའུ་པོ་ཁེ་ཝོ་བཅས་བསྟེན་རྗེས་ཆང་འཐུང་ན་མི་འཕྲོད་པའི་སྣང་ཚུལ་དེ་རིགས་མི་འབྱུང་།

2.ཙེ་ཐི་མ་ཡིན་པའི་གཉན་གཅོག་སྨན་རྫས།

སྨན་འདི་རིགས་བསྟེན་ན་ཕོ་རྒྱུ་ལ་གནོད་དེ། ཕོ་རྒྱུ་ལ་ཁྲག་བརྡོལ་བར་འགྱུར། སྨན་འདི་རིགས་བསྟེན་དུས་ཆང་འཐུང་ན་མི་འཕྲོད་པའི་སྣང་ཚུལ་དེ་དག་ཇེ་ལྕིར་སོང་སྟེ། འཇུ་ལམ་ལ་ཁྲག་བརྡོལ་བ་སོགས་ཀྱི་མཇུག་འབྲས་ཚབས་ཆེན་འབྱུང་སྲིད།

3.ཁྲག་དཀག་འགོག་པའི་སྨན་རྫས།

ཆང་བཅུད་ཀྱིས་ཧྭ་ཧྥ་ལིན་ལྟ་བུའི་ཁྲག་གི་དཀག་ཚད་ཇེ་དལ་དུ་གཏོང་བའི་ནུས་པ་ཇེ་དྲག་ཏུ་བཏང་ནས། ནད་པར་ཁྲག་བརྡོལ་བའི་ཉེན་ཁ་ཇེ་ཆེར་གཏོང་སྲིད།

4.ཁྲག་ཤེད་གཅོག་པའི་སྨན།

ཆང་བཅུད་ཀྱིས་ཁྲག་རྩ་བསྐྱེད་པར་ནུས་པས། སྨན་གྱི་ཁྲག་ཤེད་གཅོག་པའི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་ཡིན། ཆང་འཐུང་བའི་རྗེས་སུ་ཁྲག་ཤེད་གཅོག་པའི་སྨན་བསྟེན་པ་ཡིན་ན། ཁྲག་ཤེད་དམའ་བའི་ནད་རྟགས་སློང་བར་བྱེད་ལ། ཁྲག་ཤེད་གློ་བུར་མར་བབས་ཏེ་འཕར་ལྡིང་ཆེན་པོ་བྱུང་ན། ཁྲག་ཤེད་ལ་ཚོད་འཛིན་བྱེད་པར་མི་ཕན།

5.སྐྲན་འགོག་སྨན་རྫས།

ཆང་བཅུད་ཉུང་ཙམ་བསྟེན་པས་ཀྱང་སྨན་གྱི་འབྲས་སྐྲན་ཕྲ་ཕུང་གཞོམ་པའི་ནུས་པར་གནོད་སྲིད་ལ། དེ་ལས་འབྲས་སྐྲན་ཕྲ་ཕུང་ལ་གནས་འགྱུར་དང་འཕེལ་འགྱུར་འབྱུང་སྲིད་པ་དང་། འབྲས་སྐྲན་འགོག་པའི་སྨན་རྫས་ཀྱི་ནུས་པར་བར་ཆད་ཐེབས་ངེས། གཞན་དུ་རྫས་འགྱུར་གསོ་བཅོས་ཀྱི་སྨན་ཕལ་ཆེ་བར་མཆིན་པའི་དུག་རྒྱུ་ཡོད་པས་ཞེ་མེར་བ་དང་སྐྱུགས་པ་སོགས་ཕོ་རྒྱུའི་ནད་རྟགས་འབྱུང་ལ། ཆང་བཅུད་འཇུ་ལེན་བྱེད་པའི་གོ་རིམ་ཁྲོད་ནས་མཆིན་པའི་ཁུར་ཇེ་ཆེར་འགྲོ་བ་ཡིན།

གོང་དུ་བརྗོད་པའི་སྨན་སྣ་དེ་དག་ཕུད། ཆང་དང་མི་འཕྲོད་པའི་སྨན་གཞན་པའང་ཤིན་ཏུ་མང་སྟེ། དཔེར་ན་སྨྱོ་ནད་རིགས་ཀྱི་སྨན་དང་ཁྲག་གི་མངར་ཆ་འཕྲི་བྱེད་ཀྱི་སྨན། སྨྱོ་འབོག་གི་སྨན་སོགས་ལྟ་བུའོ། །

རྩོམ་སྒྲིག་པ། འབྲུག་མོ།