དཔྱིད་ཀར་ཚོར་ཐལ་རང་བཞིན་གྱི་སྣའི་གཉན་ཚད་འབྱུང་སླ་བས་དེ་ལ་དོ་སྣང་བྱེད་དགོས།
2024.04.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

ཉེ་བའི་ལོ་འདི་འགར། ཚོར་ཐལ་རང་བཞིན་གྱི་སྣའི་གཉན་ཚད་འབྱུང་ཚད་རིམ་བཞིན་ཇེ་མཐོར་སོང་ནས། རྒྱུན་མཐོང་གི་ནད་ཅིག་ཏུ་གྱུར་ཡོད། ནད་འདི་ཆམ་ནད་དང་འདྲ་མོད། འོན་ཀྱང་ཆམ་ནད་མིན། ཚོར་ཐལ་རང་བཞིན་གྱི་སྣའི་གཉན་ཚད་ནི་དང་ཐོག་སྣའི་ནང་དུ་ཚོར་ཐལ་རང་བཞིན་གྱི་སྣང་ཚུལ་བྱུང་བ་ཞིག་ཡིན་ཞིང་། ཚོར་ཐལ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་སྡོང་བོ་དང་རྩྭ། མེ་ཏོག་གི་ཟེ་རྡུལ། ཐལ་རྡུལ། འབུ་ཕྲ་མེ་ཅུན། སྲོག་ཆགས་ཀྱི་ཀློག་ཤུ་བཅས་རེད།

མེ་ཏོག་གི་ཟེ་རྡུལ་གྱི་ཚོར་ཐལ་འབྱུང་བ་དེ་གཙོ་བོ་དུས་ཚིགས་ལ་འབྲེལ་བ་ཆེན་པོ་ཡོད་ཅིང་། བྱང་ཁུལ་དུ་ཟླ་གསུམ་པའི་ཟླ་དཀྱིལ་ནས་ཟླ་བཞི་བའི་ཟླ་དཀྱིལ་བར་ནི་ཤུག་སྡོང་གི་ཟེ་རྡུལ་དང་། ཟླ་བཞི་བའི་ཟླ་སྟོད་ནས་ཟླ་ལྔ་བའི་ཟླ་དཀྱིལ་བར་ནི་འགྱིག་སྡོང་དང་ཤིང་སྟག་པ་སོགས་ཀྱི་ཟེ་རྡུལ་ཀྱི་ཚོར་ཐལ་འབྱུང་སླ་བ་དང་། ཟླ་ལྔ་བ་ནས་དྲུག་པའི་བར་ནི་རྩྭ་ཐང་གི་མེ་ཏོག་གི་ཟེ་རྡུལ་དང་ཟླ་བརྒྱད་པ་ནས་ཟླ་བཅུ་བའི་བར་ནི་རྩྭ་མཁན་པ་སོགས་ཀྱི་ཟེ་རྡུལ་གྱི་ཚོར་ཐལ་འབྱུང་བའི་དུས་ཚིགས་ཡིན།

ཐལ་རྡུལ་ནི་ནམ་རྒྱུན་ཉལ་གདན་དང་སྔས་མགོ་སོགས་སུ་ཁྱབ་ཡོད་པས། དེས་བསླངས་བའི་ཚོར་ཐལ་རང་བཞིན་གྱི་ནད་རྟགས་ཡང་རྒྱུན་པར་གནས་པ་རེད། འབུ་ཕྲ་མེ་ཅུན་ཡང་ཐལ་རྡུལ་དང་འདྲ་བར་ནམ་རྒྱུན་ཚོར་ཐལ་རང་བཞིན་གྱི་ནད་རྟགས་འབྱུང་བར་བྱེད་སྲིད། ཁྱི་དང་བྱི་ལ་སོགས་སྲོག་ཆགས་ཀྱི་ཀློག་ཤུས་ཀྱང་ཚོར་ཐལ་རང་བཞིན་གྱི་སྣའི་གཉན་ཚད་འབྱུང་དུ་འཇུག་སྲིད་པས། སྲོག་ཆགས་དེ་རིགས་ལ་ཐུག་རེག་བྱེད་པ་སོགས་ཀྱི་འབྲེལ་འདྲིས་མ་བྱས་ན་བཟང་།

ལུས་ཀྱི་རྨེན་བུ་ཕྲ་ཕུང་དེ་གཙོ་བོ་རིགས་ཆེན་པོ་གཉིས་སུ་བཀར་ཡོད་ལ། རིགས་དང་པོའི་རྨེན་བུ་ཕྲ་ཕུང་དང་རིགས་གཉིས་པའི་རྨེན་བུ་ཕྲ་ཕུང་ཡིན། རིགས་དང་པོའི་རྨེན་བུ་ཕྲ་ཕུང་ནི་སོ་ལྟ་བ་ཞིག་དང་འདྲ་བར་མེ་ཏོག་གི་ཟེ་རྡུལ་གྱིས་སྣར་ཚོར་ཐལ་འབྱུང་དུ་བཅུག་ཚེ། རང་འགུལ་གྱིས་དེར་སྔོན་འགོག་བྱས་ཏེ། ཚོར་ཐལ་འབྱུང་བའི་ཟེ་རྡུལ་གྱི་ངོ་བོ་དང་རང་བཞིན་དེ་དག་རིགས་གཉིས་པའི་རྨེན་བུ་ཕྲ་ཕུང་ལ་བརྒྱུད་སྤྲོད་བྱས་པ་ཡིན། རིགས་གཉིས་པའི་རྨེན་བུ་ཕྲ་ཕུང་ནི་སྣའི་ནང་དུ་སོང་བའི་ཟེ་རྡུལ་ཕྱིར་ཕུད་པའི་དུས་མཚུངས་སུ། སྣའི་ཁྲག་རྩ་ཇེ་ཆེར་བཏང་ཏེ། སྣའི་ཟགས་ཐོན་མང་པོ་ཕྱིར་བཞུར་ཏུ་བཅུག་ནས་ཚོར་ཐལ་འབྱུང་དུ་འཇུག་པའི་ཟེ་རྡུལ་གཙང་དག་བྱེད་པ་ཡིན། མེ་ཏོག་གི་ཟེ་རྡུལ་སྣའི་ནང་དུ་སོང་ཚེ། བར་མཚམས་མེད་པར་སྣའི་ནང་དུ་ཟ་འཕྲུག་ལངས་བ་དང་། སྣ་སྦྲིད་རྒྱག་པ། སྣ་ཆུ་བཞུར་བ་བཅས་ཀྱི་སྣང་ཚུལ་འབྱུང་སྲིད། ཚོར་ཐལ་འབྱུང་བའི་དུས་ཚིགས་དེ་ལས་བརྒལ་རྗེས། སྣར་ཚོལ་ཐལ་རང་བཞིན་གྱི་གཉན་ཚད་འབྱུང་མི་སྲིད་པ་ཡིན།

ཚོར་ཐལ་རང་བཞིན་གྱི་སྣའི་གཉན་ཚད་བྱུང་བའི་ནད་པ་རེ་རེའི་ལུས་སྟོབས་མི་འདྲ་བས། ཚོར་ཐལ་གྱི་རང་བཞིན་ཡང་མི་འདྲ། སྤྱིར་བཏང་དུ་ཁྲག་ལ་ཞིབ་བཤེར་དང་སྐྱི་པགས་ཀྱི་ཚོར་ཐལ་རང་བཞིན་ལ་ཞིབ་བཤེར་བྱས་ནས་ཚོར་ཐལ་གྱི་འབྱུང་རྩ་གཏན་འཁེལ་བྱས་ཆོག ཚོར་ཐལ་གྱི་འབྱུང་རྩ་གསལ་བོ་བྱས་ཚེ། ད་གཟོད་ནད་གཞི་ངོས་འཛིན་དང་སྨན་བཅོས་བྱེད་པར་སྟབས་བདེ།

བྱི་ལ་དང་ཁྱི་སོགས་སྲོག་ཆགས་ཀྱི་ཀློག་ཤུས་ཚོར་ཐལ་རང་བཞིན་གྱི་སྣའི་གཉན་ཚད་འབྱུང་དུ་བཅུག་པ་ཡིན་ན། སྲོག་ཆགས་དེ་དག་ལ་ཐུག་རེག་སོགས་མ་བྱས་ཚེ་ནད་དེ་འབྱུང་བ་ལས་གཡོལ་ཐུབ། མེ་ཏོག་གི་ཟེ་རྡུལ་གྱིས་ཚོར་ཐལ་རང་བཞིན་གྱི་སྣའི་གཉན་ཚད་འབྱུང་བར་བྱེད་པ་ཡིན་ན་མེ་ཏོག་གི་ཟེ་རྡུལ་མེད་པའི་ཁོར་ཡུག་ཏུ་བསྡད་ནས་ཟེ་རྡུལ་གྱི་ཚོར་ཐལ་འབྱུང་བར་གཡོལ་དགོས། ནམ་རྒྱུན་ཉལ་ཐུལ་དང་ཉལ་གདན། སྔས་མགོ་སོགས་བརྗེ་གསོར་བྱེད་དགོས་པར་མ་ཟད། ད་རུང་སྣའི་ཚོར་ཐལ་འགོག་པའི་སྨན་རྫས་བཀོལ་ཏེ། ཚོར་ཐལ་རང་བཞིན་གྱི་སྣའི་གཉན་ཚད་འབྱུང་དུ་འཇུག་པའི་ནད་རྟགས་སྔོན་འགོག་དང་ཚོད་འཛིན་བྱེད་དགོས།

ཚོར་ཤོར་གསོ་བཅོས་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མིག་སྔར་ཚོར་ཐལ་འབྱུང་དུ་འཇུག་པའི་རྒྱུ་རྐྱེན་ལེགས་བསྒྱུར་བྱེད་པའི་གསོ་བཅོས་བྱེད་ཐབས་ཁོ་ན་ཞིག་ཡིན་པར་སྙམ་ཡོད། གསོ་བཅོས་བྱེད་ཐབས་དེའི་ཕན་ནུས་ཧ་ཅང་བཟང་ཞིང་། མིག་སྔར་རྒྱུན་མཐོང་གི་ཚོར་ཐལ་འབྱུང་དུ་འཇུག་པའི་རྒྱུ་རྐྱེན་ཁག་ཅིག་ལ་ཚོར་ཤོར་གསོ་བཅོས་བྱེད་པ་ཁོ་ན་ཡིན་པ་ལས། ཚོར་ཐལ་འབྱུང་དུ་འཇུག་པའི་རྒྱུ་རྐྱེན་གཞན་དག་ལ་ཕན་ནུས་མེད་པ་ཡིན།

ཤུག་སྡོང་གི་ཟེ་རྡུལ་གྱིས་བསླངས་བའི་ཚོར་ཐལ་རང་བཞིན་གྱི་སྣའི་གཉན་ཚད་བྱུང་བའི་ནད་པ་ལྟ་བུར་མཚོན་ན། སྨན་པའི་ངག་ལྟར་སྣའི་ནང་གཏུག་པའི་སྣ་སྨན་སྐུལ་རྩི་བཀོལ་ཚེ། ནད་རྟགས་ཚོད་འཛིན་བྱེད་ཐུབ། དུས་མཚུངས་སུ་ད་རུང་ཚོར་ཐལ་རང་བཞིན་གྱི་སྣའི་གཉན་ཚད་འབྱུང་བའི་དུས་ཚིགས་གསལ་བོར་ཤེས་ཚེ། ལོ་རྗེས་མར་ཚོར་ཐལ་རང་བཞིན་གྱི་སྣའི་གཉན་ཚད་འབྱུང་བ་སྔོན་འགོག་བཟང་པོ་བྱེད་ཐུབ།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།