སྨན་གང་འདོད་དུ་བསྟེན་ན་མཆིན་པར་གནོད།
2024.04.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མཆིན་པ་ནི“སྨན་རྫས་ཀྱི་ལས་སྣོན་བཟོ་གྲྭ”ཞིག་དང་འདྲ་བར། ཁོང་དུ་བསྟེན་པའི་སྨན་ལ་མཆིན་པའི་བརྗེ་ཚབ་མ་བརྒྱུད་པ་ཕལ་ཆེར་མེད་པས། མཆིན་པ་ནི་སྨན་གྱི་མི་འཕྲོད་པ་དང་ལོག་གནོན་སོགས་འབྱུང་བའི་གནས་སུའང་འགྱུར་བ་ཡིན། སྨན་རྫས་རང་བཞིན་གྱི་མཆིན་ནད་ཅེས་པ་ནི་སྨན་བསྟེན་པ་ལས་མཆིན་པར་སྨན་དུག་དང་སྨན་ལོག་ཕོག་སྟེ་གནོད་པར་གྱུར་པ་ལ་གོ་ཞིང་། དེ་ལ་སྨན་རྫས་རང་བཞིན་གྱི་མཆིན་རྨ་དང་སྨན་རྫས་རང་བཞིན་གྱི་མཆིན་ཚད་སོགས་སུའང་བརྗོད་དེ། རྒྱུན་མཐོང་གི་མཆིན་པའི་ནད་རིགས་སུ་བགྲང་བ་ཡིན། དེ་བས་མི་རྣམས་ཀྱིས་སྨན་རྫས་ལ་བརྟེན་ནས་ནད་གཞི་གསོ་བཅོས་བྱེད་པའི་སྐབས་སུ། སྨན་རྫས་ལ་སྨན་དུག་གཉིས་ཀྱི་ནུས་པ་ཡོད་པ་བརྗེད་མི་རུང་སྟེ། དེ་ནི་ནད་གསོ་བྱེད་སྨན་དུ་རུང་ཡང་ནད་སྐྱེད་ཀྱི་དུག་ཏུའང་འགྱུར་བ་ཡིན་པས། སྨན་རྫས་ཀྱིས་བསྐྱེད་པའི་མཆིན་པའི་ནད་རིགས་ལ་དོགས་ཟོན་ཆེན་པོ་བྱེད་དགོས།

སྨན་རྫས་ཀྱི་མཆིན་ནད་བསྐྱེད་པ་ལ་རྒྱུ་དང་རྐྱེན་གང་དག་ཡོད་དམ་ཞེ་ན།

1.སྨན་རྫས་རང་སྟེང་གི་རྐྱེན། སྨན་རྫས་ཁག་ཅིག་དང་ཡང་ན་དེའི་རོ་ནུས་ཞུ་རྗེས་ཀྱི་ཐོན་དངོས་གང་རུང་ལ་མཆིན་དུག་བསྐྱེད་པའི་གྲུབ་ཆ་དང་ལྡན་པས། ཇི་ལྟར་མང་དུ་བསྟེན་ན་དེ་ལྟར་མཆིན་པ་ལ་གནོད་པའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན།

2.སྨན་བསྟེན་མཁན་གྱི་རྐྱེན། མི་འགའ་ཞིག་ནི་སྨན་རྫས་ཀྱི་གྲུབ་ཆ་གང་རུང་ལ་མི་འཕྲོད་པའི་སྣང་ཚུལ་འབྱུང་སླ་ལ། ཡང་ན་སྨན་ཞུ་རྗེས་ཀྱི་ནུས་པས་མི་གཞན་དང་མི་འདྲ་བར་མཆིན་པ་ལ་གནོད་པར་འགྱུར་སླ་བ་ཡིན།

3.སྨན་རྫས་གང་འདོད་དུ་སྤྱོད་པ། སྨན་པའི་ངག་ལ་མི་ཉན་པར་སྨན་གང་འདོད་དུ་བསྟེན་པ་དང་། ཡང་ན་རང་ཉིད་ཀྱི་ཉམས་མྱོང་འབའ་ཞིག་ལ་ཡིད་ཆེས་བྱས་ཏེ་སྨན་བསྟེན་པ་ཡིན་ན། མཆིན་པར་གནོད་པའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན།

སྨན་རྫས་ཀྱི་མཆིན་ནད་ཇི་ལྟར་འགོག་དགོས་སམ་ཞེ་ན།

སྨན་ཕལ་ཆེ་བ་ལ་མཆིན་དུག་བསྐྱེད་པའི་ནུས་པ་ལྡན་ནའང་། དེ་ལ་འཛེམ་ཅི་ཐུབ་བྱེད་པའི་དགོས་པའང་ཆེར་མེད་དེ། སྨན་པའི་ངག་བཞིན་ཚུལ་དང་མཐུན་པར་བསྟེན་པ་ནི་ད་གཟོད་སྨན་རྫས་ཀྱི་མཆིན་ནད་སྔོན་འགོག་བྱེད་པའི་ཐབས་ཡང་དག་དེ་ཡིན།

དང་པོ། བརྡ་ཁྱབ་ཏུ་བསྒྲགས་པ་དང་གསང་སྨན་དུ་བརྗོད་པ་དག་ལ་རྨོངས་ཚོད་ཀྱིས་ཡིད་ཆེས་བཅོལ་བ་དང་། ཟེར་སྒྲོས་སུ་འབྲངས་ནས་སྨན་ཡིན་མིན་ཚང་མ་བསྟེན་རྐྱང་བྱེད་པ་སོགས་ནི་གཏན་ནས་མི་རུང་ལ། གྲུབ་ཆ་མི་གསལ་བའི་སྨན་རྫས་ནི་རབ་ཡིན་ན་མ་བསྟེན་ན་བཟང་ངོ་། །

གཉིས་པ། གལ་ཏེ་སྨན་བསྟེན་དགོས་བྱུང་ན། སྨན་པ་རྣམས་དང་སྨན་རྫས་ཀྱི་བསྟེན་ཐབས་དང་བསྟེན་ཚད། བསྟེན་ཡུན་སོགས་གསལ་པོར་འདྲི་དགོས་པར་མ་ཟད། དེ་ལུགས་ནན་ཏན་གྱིས་བརྩིས་ནས་བསྟེན་དགོས་པ་ཡིན།

གསུམ་པ། དུས་ཡུན་རིང་པོར་སྨན་བསྟེན་པ་རྣམས་ཀྱིས་དུས་ཐོག་ཏུ་མཆིན་པའི་བྱེད་ནུས་ལ་བརྟག་བཤེར་བྱེད་དགོས། གལ་ཏེ་གནད་དོན་ཡོད་ན་སྔ་མོ་ནས་རྟོགས་ཤིང་སྔ་མོ་ནས་ངོས་བཟུང་ཐོག་སྔ་མོ་ནས་གསོ་བཅོས་བྱས་ན་ལེགས། གལ་ཏེ་སྨན་རྫས་ཀྱི་མཆིན་ནད་བྱུང་ཡོད་ཚེ་ངེས་པར་སྨན་བསྟེན་མཚམས་འཇོག་དགོས་པར་མ་ཟད། གོ་རིམ་དང་ཐབས་ཤེས་ལྡན་པའི་སྒོ་ནས་གསོ་བཅོས་གང་ལེགས་སུ་བསྟེན་ནས། ནད་གཞི་ཇེ་ལྕིར་འགྲོ་བ་དང་བླ་གཉན་གྱི་ནད་བསྡོངས་པ་སྔོན་འགོག་བྱེད་དགོས། །

རྩོམ་སྒྲིག་པ། འབྲུག་མོ།