གཅིན་སྙི་ཟ་ཁུའི་ནད་པའི་རྐང་བར་བདེ་སྲུང་བྱེད་ཐབས།
2024.05.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

གཅིན་སྙི་ཟ་ཁུའི་ནད་དང་བསྡོངས་པའི་རྐང་ནད་ནི་གཅིན་སྙི་ཟ་ཁུའི་ནད་ཀྱི་དལ་བའི་རང་བཞིན་གྱི་མཉམ་བྱུང་ནད་ཅིག་ཡིན། ནད་དེ་བྱུང་ཚེ་ནད་པའི་རྐང་པར་ན་ཟུག་ལངས་པ་དང་། སྐྱི་པགས་རལ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད་ལ། ཚབས་ཆེ་དུས་ནད་པའི་རྐང་པ་གཅོད་དགོས་པའང་ཡོད། དེར་བརྟེན། ནད་པས་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་སྔོན་འགོག་བྱེད་པའི་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་དགོས།

ཉིན་རེར་རྐང་པར་བདེ་སྲུང་ཡག་པོ་བྱེད་དགོས།

གཅིན་སྙི་ཟ་ཁུའི་ནད་དང་བསྡོངས་བའི་རྐང་ནད་བྱུང་བའི་ནད་པས་དུས་རྒྱུན་རྐང་པའི་སྐྱི་པགས་གཙང་མ་བྱེད་དགོས་ལ། ཉིན་རེར་ཆུ་དྲོད་འཇམ་གྱི་ནང་རྐང་པ་བཀྲུས་ཏེ། རྐང་པའི་ཁྲག་གི་འཁོར་སྐྱོད་ཇེ་ལེགས་སུ་གཏོང་དགོས། ཡིན་ནའང་། རྐང་པ་བཀྲུ་སྐབས་མཉམ་འཇོག་བྱེད་དགོས་ས་འགའ་ཡོད་དེ། གཅིག་ནི་རྐང་པ་བཀྲུ་བའི་ཆུའི་དྲོད་ཚད་ཏུའུ་བཞི་བཅུ་ལས་བརྒལ་མི་རུང་། དེའི་རྒྱུ་མཚན་ནི་གཅིན་སྙི་ཟ་ཁུའི་ནད་བྱུང་བའི་ནད་པའི་རྐང་པའི་ཚོར་བ་ཅུང་ཞན་པས། ཆུའི་དྲོད་ཚད་མཐོ་དྲགས་ན་རྐང་པ་བསྲེགས་ཉེན་ཆེ། གཉིས་ནི་རྐང་པ་ཆུའི་ནང་སྦངས་པའི་དུས་ཚོད་རིང་མི་རུང་། དུས་ཚོད་སྐར་མ་ལྔ་ནས་བཅུའི་བར་སྦངས་ན་འཚམ་པ་ཡིན། རྐང་པ་བཀྲུས་ཚར་རྗེས་སྲིང་བལ་གྱི་ལག་ཕྱིས་འཇམ་པོས་དལ་མོར་ཕྱིས་དགོས་ལ། ཁྱད་པར་དུ་རྐང་པའི་མཛུབ་མོའི་བར་གྱི་སྐྱི་པགས་སྐམ་པོ ཡིན་དགོས། གསུམ་ནི་ཉིན་རེར་རྐང་པར་ཞིབ་བཤེར་བྱས་ཏེ། རྐང་པའི་སྐྱི་པགས་ཐོག་རྨ་ཡོད་མེད་དང་ཆུ་བུར་བརྒྱབ་ཡོད་མེད་སོགས་ལ་དོ་སྣང་བྱེད་དགོས་པ་དང་། རྐང་པར་བདེ་བའི་ལྷམ་དང་རྐང་འབོབ་གྱོན་དགོས་པར་མ་ཟད་སེན་མོ་བཏོག་དགོས། སེན་མོ་བཏོག་སྐབས་རྐང་པའི་མཛུབ་མོར་རྨ་བཏོད་མི་རུང་།

གཅིན་སྙི་ཟ་ཁུའི་ནད་པས་རང་ཁྱིམ་ནས་རྐང་པར་ཕུར་མཉེད་བྱེད་སྐབས་བྱེད་ཐབས་གཉིས་ཡོད་དེ། གཅིག་ནི་རྐང་འོག་ཏུ་ལག་ཕྱིས་ཞིག་འདིངས་བ་དང་། དེ་ནས་རྐང་མཛུབ་བརྐྱངས་སྐུམ་ཐེངས་ལྔ་ནས་བཅུའི་བར་བྱེད་དགོས། གཉིས་ནི་རྐང་མཐིལ་གཉིས་ཀྱིས་ལག་ཕྱིས་བཙིར་ཏེ་ཕན་ཚུན་འཕུར་གནོན་བྱེད་དགོས།

ཁྲག་རྒྱུན་འཁོར་སྐྱོད་ཇེ་ལེགས་སུ་གཏོང་བར་དུས་རྒྱུན་སྦྱོང་བརྡར་ལེགས་པོ་བྱེད་དགོས་ལ།

གཤམ་གྱི་སྟབས་བདེའི་སྦྱོང་བརྡར་བྱེད་ཐབས་དེ་དག་གཅིན་སྙི་ཟ་ཁུའི་ནད་པ་རྒན་པ་རྣམས་ཀྱི་རྐང་པའི་ཁྲག་རྒྱུན་འཁོར་སྐྱོད་ཇེ་ལེགས་སུ་གཏོང་བར་ཕན་པ་ཡིན།

གཅིག གན་རྐྱལ་དུ་ཉལ་ནས་རྐང་པ་ཡ་གཅིག་ཡར་བཀྱགས་ཏེ་དུས་ཚོད་སྐར་ཆ་སུམ་ཅུ་ནས་སྐར་མ་གཉིས་ཀྱི་བར་བསྡད་རྗེས་དལ་མོར་མར་འཇོག་པ་དང་། དེ་ལྟར་ཐེངས་བཅུ་ལ་བྱེད་དགོས།

གཉིས་ནས་གལ་རྐྱལ་དུ་ཉལ་ནས་རྐང་པ་གཉིས་ཡར་བཀྱགས་ཏེ། དུས་ཚོད་སྐར་ཆ་གསུམ་ནས་ལྔ་ཡི་བར་བསྡད་རྗེས་དལ་མོར་མར་འཇོག་པ་དང་། དེ་ལྟར་ཐེངས་ཉི་ཤུ་ནས་སུམ་ཅུའི་བར་བྱེད་དགོས།

གསུམ་ནས་གན་རྐྱལ་དུ་ཉལ་ནས་རྐང་པ་རེས་མོས་ཀྱིས་ཡར་འགྱོགས་པ་དང་། དེ་ལྟར་ཐེངས་ཉི་ཤུ་ནས་སུམ་ཅུའི་བར་བྱེད་དགོས།

བཞི་ནས་གན་རྐྱལ་དུ་ཉལ་ནས་རྐང་པ་ཡ་གཅིག་ཡར་བཀྱགས་ཏེ། པུས་མོ་དྲང་མོར་རྐྱོང་བ་དང་། དེ་ནས་རིམ་བཞིན་སྲེ་ལོང་འགུལ་སྐྱོད་བྱེད་དགོས། དེ་ལྟར་ཐེངས་ཉི་ཤུ་ནས་སུམ་ཅུའི་བར་བྱེད་དགོས།

ལྔ་ནས་རྐང་བ་ཡར་བཀྱགས་ནས་དུས་ཚོད་སྐར་ཆ་གསུམ་ནས་ལྔ་ཡི་བར་རྒྱུན་འཁྱོངས་བྱས་རྗེས་དལ་མོར་མར་འཇོག་དགོས། དེ་ལྟར་ཐེངས་ཉི་ཤུ་ནས་སུམ་ཅུའི་བར་བྱེད་དགོས།

དྲུག་ནས་རྐང་མཛུབ་ཡར་བཀྱགས་ཏེ་དུས་ཚོད་སྐར་ཆ་གསུམ་ནས་ལྔ་ཡི་བར་རྒྱུན་འཁྱོངས་བྱེད་དགོས་ལ། དེ་ལྟར་ཐེངས་ཉི་ཤུ་ནས་སུམ་ཅུའི་བར་བྱེད་དགོས།

བདུན་ནས་རྐང་བོལ་ཡར་བཀྱགས་ཏེ་ཕྱི་རྟིང་སར་ཐུག་ཏུ་བཅུག་ནས་རྐང་བོལ་འགུལ་སྐྱོད་བྱེད་དགོས། དེ་ལྟར་ཐེངས་ཉི་ཤུ་ནས་སུམ་ཅུའི་བར་བྱེད་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 


ཡིག་སྒྱུར་པ། འབྲུག་མོ།