ཉིན་བརྒྱའི་ལུ་ནད་དང་འབྲེལ་བའི་རྒྱུན་ཤེས།
2024.05.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9

རྒྱལ་ཁབ་རིམས་ནད་འགོག་སྡོམ་ཅུའུ་ཡིས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན།    2024ལོའི་ཟླ་དང་པོ་དང་ཟླ་གཉིས་པར་རྒྱལ་ཡོངས་སུ་བསྡོམས་པས་ཉིན་བརྒྱའི་ལུ་ནད་བྱུང་བའི་ནད་པ་སུམ་ཁྲི་ཉིས་སྟོང་སུམ་བརྒྱ་བརྒྱད་ཅུ་ཡོད་པ་དང་། དེ་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་ལྡབ་ཉེར་གསུམ་ཙམ་ཡིན་ལ། དེའི་ཁྲོད་ནད་པ་བཅུ་གསུམ་རྐྱེན་ལམ་དུ་ཤོར།   ཐེངས་འདིའི་གཞི་གྲངས་ཇེ་མཐོར་སོང་བ་ལས་སྤྱི་ཚོགས་ཀྱིས་ཉིན་བརྒྱའི་ལུ་ནད་ལ་དོ་ཁུར་བྱེད་ཚད་ཆེ་རུ་ཕྱིན་ཡོད་ལ།   ཉིན་བརྒྱའི་ལུ་ནད་དང་འབྲེལ་བའི་གཏམ་བརྗོད་ཀྱང་ཐེངས་མང་པོར་དྲ་ལམ་གྱི་གནས་ཚུལ་ཚ་ཤོས་སུ་གྱུར།

ཉིན་བརྒྱའི་ལུ་ནད་ཅེས་པ་ནི་ག་འདྲ་ཞིག་རེད་ཟེར་ན།   ཉིན་བརྒྱའི་ལུ་ནད་ནི་ཉིན་བརྒྱའི་ལུ་ནད་པའོ་ཐུ་སྲིན་གྱིས་སྐྱེད་པའི་བྲེལ་མྱུར་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན།  དེའི་ནད་རྟགས་ནི་ལྡང་དུབ་རང་བཞིན་དང་རྩ་འཁུམ་རང་བཞིན་གྱིས་ལུ་བ་དང་།   དེའི་ནད་ཡུན་ཟླ་ཁ་ཤས་ཡོད་པས་ཉིན་བརྒྱའི་ལུ་ནད་ཟེར་བ་ཡིན།

ནད་དེའི་རིགས་ལ་དུས་ཐོག་ཏུ་སྨན་བཅོས་མ་བྱས་ན།   གློ་ཚད་དང་དབུགས་སུབ།  ཀླད་པའི་ནད།   སྙིང་དང་གློ་བའི་བྱེད་ནུས་ཉམས་པ་སོགས་ཀྱི་ནད་ལྕི་མོའི་བླ་གཉན་འབྱུང་སྲིད་པ་དང་།   བཙས་མ་ཐག་པའི་བྱིས་པའི་ཚེ་སྲོག་ལ་ཉེན་ཁ་འབྱུང་སྲིད།

ཉིན་བརྒྱའི་ལུ་ནད་ཀྱི་ནད་རྟགས་ཕྱིར་མངོན་པའི་དུས་ཡུན་ནི་ཉིན་ལྔ་ནས་ཉིན་ཉེར་གཅིག་བར་ཡིན་ལ།   སྤྱིར་བཏང་དུ་ཉིན་བདུན་ནས་ཉིན་བཅུ་བཞིའི་བར་ཡིན།   ཉིན་བརྒྱའི་ལུ་ནད་ཀྱི་འགོག་སྨན་བརྒྱབས་ཟིན་པའི་བྱིས་པ་དང་མི་དར་མར་ཉིན་བརྒྱའི་ལུ་ནད་བྱུང་བའི་ནད་རྟགས་མང་པོ་ནི་དཔེ་མཚོན་མིན་པ་དང་ཡང་ན་ནད་རྟགས་མེད་ལ། ལུ་བའི་ནད་རྟགས་ཅུང་ཡང་མོ་ཡིན་ཞིང་།   དེ་གཟའ་འཁོར་གཉིས་ཀྱི་ཡན་ལ་རྒྱུན་བསྲིང་སྲིད་པ་དང་།   ཚ་བ་རྒྱས་པའི་ནད་རྟགས་མེད།   བཙས་མ་ཐག་པའི་བྱིས་པ་དང་ཟླ་འགའ་མ་གཏོགས་འགོར་མེད་པའི་བྱིས་པར་ཉིན་བརྒྱའི་ལུ་ནད་བྱུང་བའི་ནད་རྟགས་ནི་དབུགས་གཏོང་ལེན་གནས་སྐབས་སུ་མཚམས་འཇོག་པ་དང་ལུ་བའི་ནད་རྟགས་འབྱུང་སྲིད།  དེ་བས།   བཙས་མ་ཐག་པའི་བྱིས་པར་རྒྱུ་རྐྱེན་མི་གསལ་བོ་མིན་པར་དབུགས་འབྱིན་རྔུབ་ཀྱི་ཚད་ཇེ་མགྱོགས་སུ་འགྲོ་བ་དང་ཟ་མའི་ཡི་ག་ཆད་པ།   སྐྱུག་པ་སོགས་ཀྱི་ནད་རྟགས་བྱུང་སྐབས་དང་།   ལྷག་པར་དུ་ཁྱིམ་མིར་གློ་ལུ་བ་སོགས་ཀྱི་ནད་རྟགས་བྱུང་སྐབས་དོགས་ཟོན་མཐོན་པོས་དུས་ཐོག་ཏུ་སྨན་པར་སྟོན་དགོས།   སྨན་པར་སྟོན་སྐབས།   ཁྱིམ་མི་དག་ལ་གློ་ལུ་བའི་ནད་རྟགས་བྱུང་བའི་གནས་ཚུལ་སྦ་གསང་མེད་པར་སྨན་པར་བཤད་དགོས།

ཉིན་བརྒྱའི་ལུ་ནད་ཇི་ལྟར་འགོས་པ་ཡིན་ཞེ་ན།  ཉིན་བརྒྱའི་ལུ་ནད་པོ་ཐུ་སྲིན་དེ་མཆིལ་ཟེགས་ལ་བརྟེན་ནས་འགོས་ཁྱབ་ཏུ་འགྲོ་བ་ཡིན་ལ།  དེའི་འགོས་ཁྱབ་ཀྱི་ཚད་ཧ་ཅང་མཐོ།   ཉིན་བརྒྱའི་ལུ་ནད་ཀྱི་གཞི་རྩའི་འགོས་ གྲངས་ནི་བཅུ་གཉིས་ནས་བཅུ་བདུན་ཡིན་པ་དང་།   ཉིན་བརྒྱའི་ལུ་ནད་ཀྱི་ནད་པ་གཅིག་གིས་ཆ་སྙོམས་ཀྱིས་མི་བཅུ་གཉིས་ནས་བཅུ་བདུན་ལ་འགོས་སུ་འཇུག་ཐུབ་པ་ཡིན།

སྨན་བཅོས་མ་བྱས་པའི་ཉིན་བརྒྱའི་ལུ་ནད་བྱུང་བའི་ནད་པས་ནད་རྟགས་ཕྱིར་མ་མངོན་པ་ནས་ནད་རྟགས་བྱུང་རྗེས་ཀྱི་གཟའ་འཁོར་དྲུག་གི་ནང་དུ་མི་གཞན་པར་ནད་འགོ་ཐུབ་པ་དང་།  ལུ་བའི་ནད་རྟགས་བྱུང་རྗེས་ཀྱི་གཟའ་འཁོར་གཉིས་ནས་གསུམ་བར་གྱི་འགོས་ཚད་ཧ་ཅང་དྲག་པོ་ཡིན།   མི་ཚང་མར་ཉིན་བརྒྱའི་ལུ་ནད་འགོས་སྲིད་མོད།  འོན་ཀྱང་ཉིན་བརྒྱའི་ལུ་ནད་ཀྱི་འགོག་སྨན་བརྒྱབ་མེད་པའི་བཙས་མ་ཐག་པའི་བྱིས་པར་ཉིན་བརྒྱའི་ལུ་ནད་བྱུང་བའི་ཉེན་ཁ་ཧ་ཅང་ཆེ།

འགོག་སྨན་རྒྱག་ཚད་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཉིན་བརྒྱའི་ལུ་ནད་ཀྱི་འགོས་ཁྱབ་རྣམ་པར་ཡང་འགྱུར་བ་བྱུང་ཡོད་དེ།  མིག་སྔར།  ཉིན་བརྒྱའི་ལུ་ནད་ཀྱི་འགོས་ཁྱབ་རྣམ་པ་དེ་ཁྱིམ་ཚང་ལ་གཅིག་སྡུད་ཀྱིས་འགོ་བ་གཙོ་བོ་ཡིན་ལ།   མི་དར་མ་ནས་བཙས་མ་ཐག་པའི་བྱིས་པར་འགོ་བ་ཡིན་ཞིང་།   འགོ་ཁུངས་གཙོ་བོ་ནི་ཕ་མ་ཡིན།

ཉིན་བརྒྱའི་ལུ་ནད་ཀྱི་འགོག་སྨན་གྱི་བྱེད་ནུས་ལ་ཚད་ཡོད་པ་དང་།   ལོ་ཇེ་ཆེར་སོང་བ་དང་བསྟུན་ཏེ་རིམས་འགོག་ཆུ་ཚད་ཇེ་དམར་འགྲོ་བཞིན་ཡོད་པས།   མི་དར་མར་ཉིན་བརྒྱའི་ལུ་ནད་འགོ་བའི་ཉེན་ཁ་ཇེ་ཆེར་སོང་ཡོད་ལ།  བྱིས་པར་ཉིན་བརྒྱའི་ལུ་ནད་འགོ་བའི་ཉེན་ཁའང་དེ་དང་བསྟུན་ནས་ཇེ་མཐོར་སོང་ཡོད།  ལོ་ཇི་ལྟར་ཆུང་ན།  བླ་གཉན་དང་ནད་ལྕི་མོ་བྱུང་བའི་ཉེན་ཁ་དེ་ལྟར་ཆེ་བ་ཡིན།

ཉིན་བརྒྱའི་ལུ་ནད་ལ་སྨན་བཅོས་བྱེད་ཐབས་གང་དག་ཡོད་ཅེ་ན།   ཉིན་བརྒྱའི་ལུ་ནད་ཀྱི་སྲིན་འགོག་སྨན་རྫས་གཙོ་ནི་གདུབ་ཆེན་ནང་ཐེན་རིགས་ཀྱི་སྲིན་འགོག་རྒྱུ་ཡིན་ཏེ། དཔེར་ན།   ཧུང་མའེ་སུའུ(红霉素)དང་ཁུ་ལཱ་མེ་སུའུ(克拉霉素)སོགས་ཡོད།   2023ལོའི་ཉིན་བརྒྱའི་ལུ་ནད་སྨན་བཅོས་ཇུས་གཞིའི་འོས་སྦྱོར་དང་།  མིག་སྔའི་རྒྱལ་ནང་གི་ཉིན་བརྒྱའི་ལུ་ནད་པོ་ཐུ་སྲིན་ལ་གདུབ་ཆེན་ནང་ཐེན་རིགས་ཀྱི་སྨན་རྫས་ཀྱི་ཕན་ཐོགས་ཚད་མཐོ་བར་གཞིགས་ནས།   ཟླ་གཉིས་ཡན་གྱི་བྱིས་པ་དང་མི་དར་མས་ཧྥུའུ་ཧྥང་ཧོང་ཨན་ཅཱ་ཨུ་ཙོ(复方磺胺甲恶唑)སྤྱད་ན་བཟང་བ་ཡིན།  སྨན་འཐུང་བའི་སྐབས་སུ་མཁལ་མར་གནོད་པ་དང་ཞུན་ཆགས་གཅིན།  པགས་འབྲུམ་སོགས་ཀྱི་སྣང་ཚུལ་མི་ལེགས་འབྱུང་བར་མཉམ་འཇོག་བྱེད་དགོས།   ཟླ་གཉིས་མན་གྱི་བྱིས་པས་སྨན་སྤྱོད་སྐབས་ངེས་པར་དུ་ཆེད་ལས་སྨན་པའི་མཛུབ་སྟོན་འོག་ཏུ་ནུས་ཡོད་ཀྱི་སྲིན་འགོག་སྨན་རྫས་བདམ་ནས་སྨན་བཅོས་བྱས་ཏེ་སྨན་བཀོལ་བའི་བདེ་འཇགས་རང་བཞིན་ལ་འགན་སྲུང་བྱེད་དགོས།

དོགས་ཡོད་ནད་པས་སྲིན་འགོག་སྨན་རྫས་ཀྱི་སྨན་བཅོས་དང་ལེན་བྱེད་དགོས་པར་མ་ཟད།    ཉིན་བརྒྱའི་ལུ་ནད་ཀྱི་བརྟག་དཔྱད་དང་ལེན་བྱས་ནས་ནད་རྟགས་ངོས་འཛིན་གསལ་བོ་བྱེད་དགོས།

ཉིན་བརྒྱའི་ལུ་ནད་བྱུང་རྗེས་ཀྱི་གཟའ་འཁོར་གཅིག་ནས་གཉིས་བར་སྨན་འཐུང་ན།  ནད་རྟགས་ཇེ་ཡང་དུ་གཏོང་ཐུབ་པ་དང་ལུ་ཡུན་ཇེ་ཐུང་དུ་གཏོང་ཐུབ་ལ།  བླ་གཉན་ཇེ་ཉུང་དུ་གཏོང་ཐུབ།  ནད་བྱུང་ནས་གཟའ་འཁོར་གཉིས་འགོར་རྗེས་སྨན་འཐུང་ཚེ་ལུ་བའི་ནད་རྟགས་ཇེ་ཡང་དུ་འགྲོ་བའི་ཕན་ནུས་ལ་ཚད་བཀག་ཆེན་པོ་ཡོད་མོད། འོན་ཀྱང་བླ་གཉན་ཇེ་ཉུང་དུ་གཏོང་ཐུབ་ལ།  ཉིན་བརྒྱའི་ལུ་ནད་ཀྱི་འགོས་ཁྱབ་མཚམས་འཇོག་ཐུབ་པ་དང་ཡང་ན་ཇེ་ཉུང་དུ་གཏོང་ཐུབ།

ཉིན་བརྒྱའི་ལུ་ནད་ཇི་ལྟར་སྔོན་འགོག་བྱེད་དགོས་ཞེ་ན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྔ་མོ་དང་དུས་ཐོག་ཏུ་འགོག་སྨན་རྒྱག་པ་ནི་ཉིན་བརྒྱའི་ལུ་ནད་འགོག་སྡོམ་གྱི་ཆེས་རྩ་བའི་རིམས་འགོག་བྱེད་ཐབས་ཡིན།  ཉིན་བརྒྱའི་ལུ་ནད་ཀྱི་འགོག་སྨན་རྒྱག་པ་དེ་ཉིན་བརྒྱའི་ལུ་ནད་འགོས་རྗེས་ཀྱི་ནད་རྟགས་ཇེ་ཡང་དུ་གཏོང་བ་དང་རྐྱེན་ལམ་དུ་ཤོར་ཚད་ཇེ་ཉུང་དུ་གཏོང་བར་ཕན་ཐོགས་ཡོད་ཅེས་བསྟན་ཡོད།

རང་རྒྱལ་གྱི་རིམས་འགོག་འཆར་འགོད་ཀྱི་གོ་རིམ་ལྟར་ན།   བྱིས་པ་བཙས་ནས་ཟླ་གསུམ་དང་བཞི། ལྔ་འགོར་བའི་སྐབས་དང་ཟླ་བཅོ་བརྒྱད་འགོར་རྗེས་སོ་སོར་ཉིན་བརྒྱའི་ལུ་ནད་ཀྱི་འགོག་སྨན་རྒྱག་དགོས།   རང་རྒྱལ་གྱི་རིམས་འགོག་འཆར་འགོད་རིགས་མིན་པའི་ཉིན་བརྒྱའི་ལུ་ནད་ཀྱི་འགོག་སྨན་དེ་བྱིས་པ་བཙས་ནས་ཟླ་གཉིས་འགོར་རྗེས་རྒྱག་ཆོག་པ་ཡིན།   འགོག་སྨན་རྒྱག་ཐེངས་ཇེ་མང་དུ་སོང་བ་དང་བསྟུན་ནས་ཉིན་བརྒྱའི་ལུ་ནད་འབྱུང་ཚད་ཇེ་ཉུང་དུ་གཏོང་བ་དང་སྨན་ཁང་དུ་ཞག་སྡོད་བྱེད་སྐབས་ཀྱི་སྲུང་སྐྱོང་ཕན་འབྲས་མངོན་གསལ་ཇེ་མཐོར་སོང་ཡོིད།

ལོ་ཚོད་དང་འཚམ་པའི་བྱིས་པ་རྣམས་ཀྱིས་གཏན་འཁེལ་གྱི་ཁྱབ་ཁོངས་ནང་སྔ་མོ་དང་དུས་ཐོག་ཏུ་ཉིན་བརྒྱའི་ལུ་ནད་ཀྱི་འགོག་སྨན་བརྒྱབ་ན་བཟང་བ་ཡིན།   དཔེར་ན། བྱིས་པ་རྣམས་ཀྱིས་འགོག་སྨན་གྱི་གསལ་བཤད་ལྟར་ཉིན་བརྒྱའི་ལུ་ནད་ཀྱི་འགོག་སྨན་གྲུབ་ཆ་འདུས་པའི་མཉམ་བསྲེས་འགོག་སྨན་གཞན་པ་བརྒྱབས་ཟིན་ན།  དེ་བསྟུན་གྱི་འགོག་སྨན་རྒྱག་ཐེངས་ཚང་མ་ཡོངས་འགྲུབ་བྱས་པ་ཡིན།   ཟླ་གསུམ་ནས་ལོ་ལྔའི་བར་དུས་ཐོག་ཏུ་བརྒྱ་གག་འཛུམ་འགོག་སྨན་གྱི་གཏན་འཁེལ་རྒྱག་ཐེངས་རྒྱབ་ཚར་མེད་པའི་ཁྱིམ་བདག་རྣམས་ཀྱིས་མྱུར་དུ་རང་གི་བྱིས་པ་ཁྲིད་དེ་རྒྱབ་མེད་པའི་འགོག་སྨན་དེ་བརྒྱག་དགོས།

ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ།  ཚང་མས་མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་བཟང་བོ་སྲུང་འཛིན་བྱས་ཏེ་རྒྱུན་པར་ལག་པ་བཀྲུ་བ་དང་།  ལུ་བ་དང་སྣ་སྦྲིད་པའི་སྐབས་སུ་ཁ་སྣ་འགེབ་པ།  ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱས་ནས་ལུགས་མཐུན་ངང་ངལ་གསོ་བྱེད་པ།   འོས་འཚམ་སྒོས་ལུས་ཕུང་སྦྱོང་བརྡར་བྱས་ཏེ་རང་སྟེང་གི་རིམས་འགོག་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་སོགས་བྱས་ན་བཟང་།   མི་དར་མར་ལུ་བ་སོགས་ཀྱི་ནད་རྟགས་བྱུང་རྗེས།  དུས་ཐོག་ཏུ་ཁ་ཐུམ་རྒྱག་པ་དང་ལག་པའི་འཕྲོད་བསྟེན་ལ་དོ་སྣང་བྱས་ནས་བྱིས་པར་འགོ་བ་སྔོན་འགོག་བྱ་དགོས།  ཉིན་བརྒྱའི་ལུ་ནད་བྱུང་བའི་ནད་པ་ཕྱི་རུ་འགྲོ་སྐབས་ཁ་ཐུམ་རྒྱག་དགོས།

ཁྱིམ་མིར་ནད་རྟགས་ངོས་འཛིོན་བྱས་པའམ་ཡང་ན་སྡེ་ཁག་གི་མི་ཚོགས་ལ་གཅིག་སྡུད་ཀྱིས་ཉིན་བརྒྱའི་ལུ་ནད་བྱུང་ཚེ།   འབྲེལ་འདྲིས་དམ་ཟབ་ཀྱི་མི་སྣས་སྨན་པས་མཛུབ་སྟོན་འོག་ཏུ་སྔོན་འགོག་རང་བཞིན་གྱི་སྨན་བཀོལ་དགོས་པ་དང་།  ལྷག་པར་དུ་ཟླ་གསུམ་མན་གྱི་བྱིས་པར་བདག་སྐྱོང་བྱེད་པའི་ཁྱིམ་མི་དང་བདག་སྐྱོང་མི་སྣས་སྔོན་འགོག་རང་བཞིན་གྱི་སྨན་བཀོལ་དགོས།


ལྷ་མོ་ཚེ་རིང་གིས་བསྒྱུར།