མིག་ཟུང་གློག་རྡུལ་ཡོ་ཆས་ཀྱི་གནོད་པ་ལས་སྐྱོབ་ཐབས། 
2024.05.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

གློག་རྡུལ་ཡོ་ཆས་ཀྱིས་མི་རྣམས་ལ་སྟབས་བདེ་བསྐྲུན་པ་དང་མཉམ་དུ་བདེ་ཐང་གི་ཕྱོགས་སུ་གནོད་པའང་ཐེབས་ཀྱིན་ཡོད། ནང་སྒོས་སུ་མིག་ཟུང་ལ་གནོད་པ་ལྷག་ཏུ་ཆེ། ད་ལྟའི་མི་རྣམས་ཀྱིས་ལག་འཁྱེར་ཁ་པར་རྩེ་ཐེངས་ཤིན་ཏུ་མང་བས། མིག་ཟུང་ནི་རྒྱུན་པར་གློག་རྡུལ་གྱི་གནོད་པ་དང་འབྲལ་མེད་དུ་གནས་པས། མིག་ཟུང་སྐྱོབ་ཐབས་ལ་ཅིས་ཀྱང་བསམ་བློ་གཏོང་དགོས།

གཅིག གློག་རྡུལ་ཡོ་ཆས་ལེགས་པར་སྤྱོད་པ།

1.འདུག་སྟངས་ལེགས་པ། མིག་དང་གློག་ཀླད་ཀྱི་ཤེལ་ཡོལ་བར་ལ་ལི་སྨི40ནས50ཡི་བར་ཐག་ཡོད་དགོས་ལ། མིག་དང་ལག་འཁྱེར་ཁ་པར་གྱི་ངོས་ལ་བར་ཐག་ལི་སྨི30ཡི་ཡན་ཡོད་དགོས། འཆར་ཡོལ་འོས་འཚམ་གྱིས་ཇེ་དམའ་རུ་བཏང་ནས་མིག་གི་མཐོང་ལམ་དང་མཉམ་པར་གནས་པ་དང་། ཡང་ན་མིག་གི་མཐོང་ལམ་ལས་ཅུད་ཟད་དམའ་བར་བྱེད་དགོས། གནས་སྐབས་དེ་ལ་མིག་ཤའི་རྣམ་པ་ཅུང་ཟད་བག་ལྷོད་དུ་གནས་ཐུབ་པ་ཡིན།

2.འོད་གསལ་བ། འོད་ཤིན་ཏུ་ཆེ་བ་དང་གཉོམ་དྲགས་པ་གང་གི་སྐབས་སུའང་མིག་ལ་མི་འཕྲོད། འོད་མི་གསལ་བའི་ངང་ཚུལ་དུ་གནས་ཡུན་རིང་ན། མིག་གི་ཕྲ་ཕུང་ལ་ཉམས་རྒུད་ཚབས་ཆེན་བྱུང་ནས་མིག་གི་རྣོ་ཟད་པར་འགྱུར། འོད་གསལ་དྲགས་ཚེ་མིག་ལ་གཙེ་བར་འགྱུར་ཏེ། ཉི་འོད་ཀྱི་འོག་ནས་དཔེ་ཆར་བལྟ་བ་ལྟར་ལྡོག་འོད་འཕྲོས་ཏེ་མིག་ལ་གནོད་པ་ལྟ་བུ་རེད། ཁང་པའི་ནང་རོལ་གྱི་འོད་ཀྱི་གསལ་ཚད་ལ་ཚད་གཞི་ནན་མོ་ཡོད་དེ། རྒྱུན་ལྡན་གྱི་འབྲི་ཀློག་སྐབས་སུ་འོད་ཀྱི་གསལ་ཚདLux300ལས་མཐོ་དགོས་པ་ཡིན།

3.འཆར་ཡོལ་ཆེ་བ། གློག་རྡུལ་ཡོ་ཆས་ཀྱི་འཆར་ཡོལ་ཆེ་ན་བཟང་། གློག་ཀླད་སྤྱད་ཆོག་པར་ཁ་པར་མི་སྤྱོད་པ་དང་། གློག་ཀླད་ཆེ་བ་སྤྱད་ཆོག་པར་གློག་ཀླད་ཆུང་ངུའི་རིགས་མ་སྤྱད་ན་ལེགས། འཆར་ངོས་ཀྱི་ཡི་གེའང་ཆེ་ན་བཟང་བ་ལས་ཆུང་ན་མིག་ལ་གནོད།

4.ངལ་གསོ་བ། མིག་གི་གཙང་སྦྲ་གལ་ཆེན་དུ་འཛིན་པ་དང་མིག་ལ་རྒྱུན་པར་འཕུར་མཉེ་བྱས་ན་ལེགས། འཆར་ཅན་ལྟར་མིག་མང་དུ་རྡེབ་དགོས་ཏེ། སྐར་མ་རེར་ཐེངས25ཙམ་རྡེབ་པ་དང་། ཉུང་མཐའ་ཡང་ཐེངས15ལས་མི་ཉུང་བ་རྡེབ་དགོས། གློག་རྡུལ་ཡོ་ཆས་སྤྱོད་དུས་ངལ་གསོ་འོས་འཚམ་བསྟེན་དགོས་ཏེ། དུས་ཚོད་རེ་ལ་སྐར་མ5རེར་ངལ་གསོ་བ་དང་། མིག་འབྲས་འཁོར་འཁོར་བྱེད་པ་དང་རྒྱང་བལྟ་བྱེད་པའང་རུང་།

5.ཁོར་ཡུག་ལེགས་བཅོས་བྱེད་པ། ཁང་པའི་ནང་དུ་རྒྱུན་པར་རླུང་རྒྱུ་བར་བྱས་ཏེ་མཁའ་དབུགས་གཙང་མ་ཡོང་བར་བྱེད་པ་དང་། དྲོད་སྙོམས་འཕྲུལ་ཆས་སྤྱོད་ཡུན་ཇེ་ཉུང་དུ་བཏང་ནས་མཁའ་དབུགས་ཀྱི་བརླན་ཆ་ཇེ་མཐོར་གཏོང་དགོས།

གཉིས། བཟའ་བཏུང་ལུགས་མཐུན་ངང་བསྟེན་པ།

འཚོ་བཅུད་དོ་མཉམ་ཡོང་བར་བྱེད་པ་དང་། འཚོ་རྒྱུAདངBཕུན་སུམ་ཚོགས་པའི་བཟའ་བཏུང་འོས་འཚམ་གྱིས་ཁ་གསབ་བྱས་ན་མིག་གི་ངལ་བ་སེལ་བར་ཕན། འཚོ་རྒྱུAཡི་ཟས་རིགས་ལེགས་ཤོས་ལ་སྲོག་ཆགས་ཀྱི་མཆིན་པ་དང་འོ་མ། སྒོ་ང་། ལ་སེར། སྔོ་ཚལ་དང་སིལ་ཏོག་སོགས་ཡོད། འཚོ་རྒྱུAནི་མི་ལུས་ལ་ངེས་པར་མཁོ་བའི་འཚོ་བཅུད་ཡིན་ཡང་ཚད་ལས་བརྒལ་མི་རུང་། འཚོ་རྒྱུBཡི་ཟས་རིགས་ལེགས་ཤོས་ལ་འབྲུ་རིགས་དང་ཕབ་རྩི། གྲོ་མྱུག་དང་སྲན་མའི་རིགས་སོགས་ཡོད།

གསུམ། ཕྱི་རོལ་གྱི་འགུལ་སྐྱོད་རྒྱུན་འཁྱོངས་བྱེད་པ།

རྒྱུན་དུ་ལུས་ཕུང་སྦྱོང་བརྡར་བྱེད་པ་དང་། བྱིས་པ་ཕྱི་རོལ་དུ་ཁྲིད་ནས་འགུལ་སྐྱོད་བྱེད་དགོས། ཕྱི་རོལ་དུ་མིག་ནི་རྒྱང་བལྟའི་ངང་ཚུལ་དུ་གནས་པས། མིག་གི་ངལ་དུབ་སེལ་ཐུབ།  ཉིན་རེར་དུས་ཚོད་གཉིས་ཡན་ལ་ཕྱི་རོལ་དུ་འགུལ་སྐྱོད་བྱས་ན་མིག་ལ་ལྷོད་བག་ཐོན་པས། དེ་ནི་མིག་གི་བདེ་ཐང་ལ་ཕན་པའི་རིན་མེད་ཀྱི་ཐབས་མཆོག་དེ་ཡིན།

བཞི། སྨན་བཅོས་བྱེད་ཐབས།

མིག་ལ་མི་བདེ་བ་བྱུང་ཞིང་ནད་རྟགས་ཚབས་ཆེ་ན། སྨན་བཅོས་བྱེད་ཐབས་བསྟེན་དགོས།

མིག་འོད་ཀྱི་ཡོ་བསྲང་། མིག་ལ་ངལ་དུབ་འབྱུང་བ་ནི་མིག་གི་འོད་སྡུད་མ་ཐུབ་པ་དང་རྒྱང་སྒྲིབ་སོགས་ལ་ཡོ་བསྲང་མ་བྱས་པ་ལས་བསྐྱེད་པ་ཡིན་པས། ལོ་ཚོད་དང་སྙོམ་སྒྲིག་གི་གནས་ཚུལ་ལྟར་གློག་ཀླད་བཀོལ་སྤྱོད་བྱེད་དུས་འཚམ་པའི་མིག་ཤེལ་གོན་དགོས།

མིག་འོད་ཀྱི་སྙོམ་སྒྲིག་དང་སྡུད་འགྲེམ་ནུས་པར་དོན་དངོས་གནས་ཚུལ་ལྟར་ལེགས་བཅོས་ཀྱི་སྦྱོང་བརྡར་བྱེད་ཆོག་ལ། དེ་ལ་བརྟེན་ནས་མིག་ཟུང་གི་ནུས་པ་ཇེ་ལེགས་སུ་གཏོང་བ་དང་མིག་གི་མཐོང་ནུས་སྲུང་འཛིན་བྱེད་དགོས། དེ་ལ་བྱེ་བྲག་གི་བྱེད་ཐབས་མང་མོད་ཆེད་མཁས་སྨན་པའི་ངག་བཞིན་བསྟེན་རིགས།

ཐེངས་གཅིག་ཅན་གྱི་དྲོད་དུགས་སྦྱར་སྨན་སྤྱད་ཆོག་སྟེ། དེ་ཡང་སྦགས་བཙོག་མི་ཐེབས་པར་གཙང་མར་བསྟེན་པ་དང་། དྲོད་ཚད་ཏུའུ42ཡས་མས་སུ་སྐར་མ20ཙམ་དུ་སྦྱར་དགོས། དྲོད་དུགས་ཀྱིས་མིག་ལྕིབས་ནང་ངོས་ཀྱི་ཚིལ་རྫས་ཟགས་ཐོན་ལ་སྐུལ་འདེད་གཏོང་ལ། མིག་སྐམ་པ་དང་ངལ་བ་སེལ་བར་ཕན།

གཞན་ཡང་སྨན་ཁང་དུ་་རླངས་བཅོས་ཀྱི་མིག་ལུམས་དང་ཀྲུང་སྨན་གྱི་རླངས་དུགས། འཕུར་མཉེད་དང་སྦྱར་སྨན། སྐམ་ཁབ་དང་སྲུབ་འབྲད་སོགས་ཀྱི་བཅོས་ཐབས་སྣ་མང་ཡོད་ལ། དྲག་སྐྱེད་ཀྱི་ནུས་པའང་ལེགས་པས། ཆེད་མཁས་སྨན་པའི་ངག་བཞིན་གང་ལ་གང་འཚམ་དུ་བསྟེན་དགོས་སོ། །

རྩོམ་སྒྲིག་པ། འབྲུག་མོ།