འཇུ་ལམ་སྐྲན་ནད་ཀྱི་དུས་སྔོན་བརྟག་དཔྱད་དང་སྔོན་འགོག
2024.05.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

འཇུ་ལམ་སྐྲན་ནད་ཁྲོད་མིད་པའི་འབྲས་སྐྲན་དང་ཕོ་འབྲས། གཞང་འབྲས་སོགས་འདུས་པ་རེད། འཇུ་ལམ་སྐྲན་ནད་ཀྱི་དུས་སྔོན་ནད་རྟགས་ནི་དེ་འདྲའི་མངོན་གསལ་མིན་པས། ནད་པ་མང་ཤོས་ཤིག་བརྟག་དཔྱད་བྱེད་སྐབས་དུས་སྐབས་བར་མའམ་ཡང་ན་དུས་མཇུག་ཏུ་སླེབས་ཡོད་པས། སྨན་བཅོས་དུས་སྐབས་ལེགས་ཤོས་ཤོར་ཡོད་པ་རེད།  དེ་བས་འཇུ་ལམ་སྐྲན་ནད་ཀྱི་དུས་སྔོན་བརྟག་དཔྱད་དང་སྔོན་འགོག་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད།

གཅིག འཇུ་ལམ་སྐྲན་ནད་ཀྱི་ནད་རྟགས།

འཇུ་ལམ་སྐྲན་ནད་ཀྱི་དུས་སྔོན་ནད་རྟགས་ལ་དམིགས་བསལ་རང་བཞིན་མེད་ཅིང་། ནད་པར་རྒྱུན་དུ་ཟས་མི་འཇུ་བ་དང་གསུས་ཁོག་སྦོས་པ། སྐྱུག་མེར་ལངས་པ། སྐྱུག་པ། རྒྱུ་རྐྱེན་མི་གསལ་བར་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། མི་མང་ཤོས་ཀྱིས་བཟའ་བཏུང་ལུགས་མཐུན་སྒོས་མ་སྤྱད་ནའང་གོང་གི་ནད་རྟགས་དག་འབྱུང་བར་འདོད་ཀྱིན་ཡོད་པས། འཇུ་ལམ་སྐྲན་ནད་ཀྱི་དུས་སྔོན་ནད་རྟགས་ལ་མི་ཚང་མས་སྣང་ཆུང་བྱེད་སླ་བ་རེད། དེ་ལས་གཞན། འཇུ་ལམ་སྐྲན་ནད་ཀྱི་དུས་སྔོན་ནད་རྟགས་ལ་བཤང་ནག་དང་བཤང་ཁྲག་སོགས་ཡོད་ལ། གསུས་པ་ན་བ་དང་སྦོས་པ་སོགས་འབྱུང་སྲིད། གནས་ཚུལ་དེའི་རིགས་ནི་རྒྱུ་མའི་སྐྲན་ནད་ལས་བྱུང་བའི་རྒྱུ་མ་འགག་པ་དང་འབྲེལ་བ་ཡོད།

གཉིས། དགོས་ངེས་ཀྱི་དུས་སྔོན་བརྟག་དཔྱད།

འཇུ་ལམ་སྐྲན་ནད་ཀྱི་དུས་སྔོན་བརྟག་དཔྱད་ཀྱིས་ནད་པའི་སྐྲན་ནད་ཀྱི་འགྱུར་ལྡོག་དུས་ཐོག་ཏུ་ཤེས་རྟོགས་བྱུང་ནས་དུས་སྔ་མོ་ནས་སྨན་བཅོས་བྱེད་པར་ཕན་ལ། ནད་གཞི་ཇེ་སྡུག་གམ་འཇུ་ལམ་སྐྲན་ནད་འགྱུར་སྤོ་བྱེད་པ་སོགས་ཀྱི་གནས་ཚུལ་ངན་པ་འབྱུང་བ་སྔོན་འགོག་བྱེད་ཐུབ།

དེ་ལས་གཞན། དུས་སྔོན་བརྟག་དཔྱད་ལ་བརྟེན་ནས་ནད་པས་རང་ངོས་སུ་ཡོད་སྲིད་པའི་ནད་ཕོག་པའི་ཉེན་ཁར་རྒྱུས་ལོན་བྱེད་ཐུབ་པ་དང་། སྨན་པའི་བསམ་འཆར་ལྟར་དགོས་ངེས་ཀྱི་སྔོན་འགོག་བྱེད་ཐབས་སྤྱད་ཆོག དཔེར་ན་བཟའ་བཏུང་གི་གོམས་གཤིས་མི་ལེགས་པ་བསྒྱུར་བ་དང་ཐ་མག་གཅོད་པ། ཆང་འཐུང་ཚད་ལ་ཚོད་འཛིན་བྱེད་པ་སོགས་ཀྱིས་འཇུ་ལམ་སྐྲན་ནད་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

གསུམ། དུས་སྔོན་བརྟག་དཔྱད་བྱེད་ཐབས།

ཕོ་ཤེལ་བརྟག་དཔྱད། ཕོ་ཤེལ་བརྟག་དཔྱད་ནི་མིད་པ་དང་ཕོ་བ། རྒྱུ་མའི་ནད་རིགས་ལ་བརྟག་པའི་བྱེད་ཐབས་གཙོ་བོ་ཡིན། ཕོ་ཤེལ་བརྟག་དཔྱད་བརྒྱུད། སྨན་པས་འཇུ་ལམ་འབྱར་སྐྱིའི་དབྱིབས་དང་ཁ་དོག ཁྲག་རྩའི་ཁྲ་རིས་ལ་ཐད་ཀར་དུ་ལྟ་ཞིབ་བྱས་ཏེ། དུས་སྔོན་སྐྲན་ནད་ཀྱི་འགྱུར་ལྡོག་ཤེས་ཐུབ། གཟེར་མེད་ཕོ་ཤེལ་བརྟག་དཔྱད་ཀྱི་ལག་རྩལ་མུ་མཐུད་དུ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ནད་པའི་བརྟག་དཔྱད་གོ་རིམ་ཁྲོད་ཀྱི་མི་བདེ་བའི་ཚོར་བ་ཇེ་ཆུང་དུ་བཏང་ཡོད། ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ལ། དལ་གཤིས་ཕོ་བའི་ཚ་ནད་དང་ཕོ་བ་སྨུག་རུལ། ཕོ་བའི་ཤ་ལུ་སོགས་ཀྱི་ནད་པ་ནི་འཇུ་ལམ་སྐྲན་ནད་ཀྱི་ཉེན་ཁ་ཆེ་བའི་མི་ཚོགས་སུ་གཏོགས་པས། དུས་བཅད་ལྟར་ཕོ་ཤེལ་བརྟག་དཔྱད་བྱེད་དགོས།

བཞི། ལོང་གའི་ནང་ཤེལ་བརྟག་དཔྱད། ལོང་གའི་ནང་ཤེལ་བརྟག་དཔྱད་ནི་གཞང་འབྲས་ནད་པར་བརྟག་དཔྱད་བྱེད་པའི་ཐབས་ལམ་ལེགས་ཤོས་ཤིག་ཡིན། སྨན་པས་ནང་ཤེལ་ལ་བརྟེན་ནས་ཤ་ལུ་དང་རྨེན་སྐྲན། འབྱར་སྐྱི་ཝེ་སྨི་སྟོང་ལས་ཆུང་བའི་སྐྲན་ནད་སྨན་བཅོས་བྱེད་ཐུབ། རྒྱུན་པར་ནང་ཤེལ་བརྟག་དཔྱད་སྨན་པས་བྱེད་ཐབས་མང་པོ་སྤྱད་དེ་རྨེན་སྐྲན་གྱི་བཤེར་ཚད་ཇེ་མཐོར་གཏོང་བ་དང་། ནད་གཞིར་འགྱུར་ལྡོག་བྱུང་རྗེས་སྤྱིར་བཏང་གི་ནང་ཤེལ་དང་རབ་གསལ་ནང་ཤེལ། གློག་རྡུལ་མདོག་རྒྱུ་ནང་ཤེལ། མདོག་བསྒྱུར་ནང་ཤེལ། ཆེ་ཤེལ། སྒྲ་བརྒལ་ནང་ཤེལ་སོགས་ཀྱི་ལག་རྩལ་བྱེད་ཐབས་མང་པོ་སྤྱད་དེ་ནད་འགྱུར་གྱི་ངོ་བོར་བརྡར་གཅོད་བྱེད་པ་རེད།

ནང་ཤེལ་བརྒྱུད་ནས་ནད་འགྱུར་སེལ་རྗེས། སྨན་པས་ད་དུང་རྒྱུན་སྲོལ་ནད་ལུགས་དང་རིམས་ཐར་ཚོ་འགྱུར་གྱི་མཇུག་འབྲས་ལྟར། ནང་ཤེལ་གཅོད་འབྱིན་གཙང་དག་ཡིན་མིན་དང་སྐྲན་ནད་ཀྱི་ཚབས་ཆེ་ཆུང་ལ་བརྡར་ཤ་གཅོད་པ་རེད། གལ་ཏེ་སྐྲན་ནད་ངན་གཤིས་སུ་གྱུར་ཚེ། ད་དུང་རྨེན་མདུད་འགྱུར་སྤོ་ཡི་ཉེན་ཁ་ཡོད་མེད་ལ་བརྟག་དགོས།

ལྔ། འཇུ་ལམ་སྐྲན་ནད་སྔོན་འགོག་བྱེད་ཐབས།

བཟའ་བཏུང་ལུགས་མཐུན་སྒོས་སྤྱོད་དགོས། འཇུ་ལམ་སྐྲན་ནད་ནུས་ལྡན་སྒོས་སྔོན་འགོག་བྱེད་འདོད་ཚེ། རྒན་པ་རྣམས་ཀྱིས་བཟའ་བཅའི་ཚི་སྣ་ཇེ་མང་དུ་གཏོང་དགོས་ལ། སྣུམ་དང་ཚྭ་མང་བ། ཐཱན་ཆུ་འདྲེས་སྦྱོར་རྫས་མཐོ་བའི་ཟས་རིགས་ཉུང་དུ་བསྟེན་དགོས། དེ་ལས་གཞན། ཤ་དམར་པོའི་རིགས་མང་དུ་ཟོས་ན་གཞང་འབྲས་འབྱུང་བ་དང་། མངར་ཟས་དང་མངར་སྣུམ་མཉམ་འདྲེས་ཟས་རིགས་ཀྱིས་ལུས་པོའི་ལྗིད་ཚད་ཇེ་ལྕི་རུ་གཏོང་བར་མ་ཟད། འཇུ་ལམ་སྐྲན་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་གཏོང་སྲིད།

རྒན་པ་རྣམས་ཀྱིས་དུས་རྒྱུན་འཚོ་བའི་ཁྲོད་སིལ་ཏོག་དང་སྔོ་ཚོད་གསར་པ་མང་དུ་ཟོས་ཚེ། རྒྱུ་ལམ་འགུལ་སྐྱོད་ལ་ཕན་པ་དང་བཤང་འགག་སྔོན་འགོག་བྱེད་ཐུབ། དེ་མིན་ད་དུང་ཚ་ལུ་མ་དང་ཀྲོ་མ་ཀྲུ་སོགས་དབྱང་འགྱུར་བྱེད་རྫས་འདྲེས་པའི་ཟས་རིགས་མང་དུ་ཟ་དགོས། མཉམ་འཇོག་དགོས་པ་ཞིག་ལ། ཁ་ཚ་ངར་སློང་ཟས་རིགས་ཀྱིས་མི་རྣམས་ལ་གནས་སྐབས་ཀྱི་སྐྱིད་སྣང་སྟེར་མོད། འོན་ཀྱང་ཟས་རིགས་དེའི་རིགས་ཀྱིས་རྒྱུ་ལམ་ལ་ངར་སློང་བ་དང་། ཐ་ན་འཇུ་ལམ་སྐྲན་ནད་སློང་སྲིད།

ཐ་མག་གཅོད་པ་དང་ཆང་ཉུང་འཐུང་བྱེད་པ། ཐ་མག་ཁྲོད་ཉུང་མཐའ་ཡང་སྐྲན་སློང་བའི་རྫས་རིགས69ཙམ་འདུས། སྐྲན་སློང་བའི་རྫས་རིགས་དེའི་རིགས་ཀྱིས་ལུས་ཕུང་གི་གནད་འགག་གཞི་རྒྱུ་ལ་དུས་གཏན་རང་བཞིན་གྱི་ཐོལ་འགྱུར་བྱུང་ནས་རིམ་བཞིན་ཇེ་མང་དུ་འགྲོ་བ་རེད། ཞིབ་འཇུག་ལས་ཤེས་པ་ལྟར་ན། ཐ་མག་གིས་གློ་འབྲས་དང་ཁ་སྦུག་འབྲས་སྐྲན། མིད་འབྲས། ལྒང་འབྲས། བསམ་བསེའུ་འབྲས་སྐྲན་སོགས་ཀྱི་ནད་རིགས་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་ལ། དེ་དང་མཉམ་དུ། ཐ་མག་འཐེན་པའི་དུས་ཡུན་ཇི་ལྟར་རིང་ན་སྐྲན་ནད་སློང་བའི་ཉེན་ཁ་དེ་ལྟར་ཆེ།

ཆང་བག་མེད་དུ་འཐུང་ཚེ། མཆིན་པའི་ནང་དུ་ཁ་ཆོན་གསོག་ཚད་ཇེ་མང་དུ་འགྲོ་བ་རེད། ཁ་ཆོན་ལ་དུག་གཤིས་ལྡན་པས། མིའི་ལུས་ཕུང་གིDNAལ་ཐད་ཀར་དུ་གནོད་པ་བཟོས་ནས། མཆིན་འབྲས་དང་མིད་པའི་འབྲས་སྐྲན། ཕོ་འབྲས་སོགས་འཇུ་བྱེད་མ་ལག་གི་འབྲས་སྐྲན་ཕོག་པའི་ཉེན་ཁ་ཇེ་ཆེར་གཏོང་སྲིད། དེ་ལས་གཞན། ཆང་བག་མེད་དུ་འཐུང་ན་ད་རུང་ཀླད་སྙིང་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཡོད་ཅིང་། འཇུ་ལམ་གྱི་ནད་རིགས་སློང་བ་དང་མཆིན་པར་གནོད་པ་བཟོས་ནས་མཆིན་པའི་ནུས་པ་ཉམས་སྲིད་ལ། ཚབས་ཆེ་དུས་ཆང་བཅུད་རང་བཞིན་གྱི་མཆིན་ནད་འབྱུང་སྲིད།

སེམས་ཁམས་སྙོམས་སྒྲིག་བྱེད་པ། སེམས་ཁམས་བཟང་པོ་ནི་སྐྲན་ནད་སྔོན་འགོག་གི་ཐབས་ལམ་མཆོག་གྱུར་ཞིག་ཡིན་ལ། སེམས་ཁམས་སྐྱིད་པོ་ཡོང་བར་བརྟེན་ནས་ནད་འགོག་ནུས་པ་ཇེ་ཆེར་གཏོང་ཐུབ། མི་རྣམས་དཀའ་ངལ་དང་གནོན་ཤུགས་ལ་འཕྲད་སྐབས། དོ་སྣང་བྱེད་ཡུལ་གཞན་དུ་བསྒྱུར་དགོས་ལ། སེམས་ཁམས་ལྷོད་ལ་བབས་རྗེས། ཡང་བསྐྱར་བསམ་གཞིག་བཏང་ནས་འོས་མཚམ་སྒོས་གདོང་གཏོད་དགོས། གལ་ཏེ་སེམས་མི་སྐྱིད་པའི་དོན་དག་དང་འཕྲད་སྐབས། ལུས་ཕུང་སྦྱོང་བརྡར་བྱེད་པ་དང་དཔེ་ཆར་བལྟ་བ། རོལ་དབྱངས་ལ་ཉན་པ། གློག་བརྙན་ལ་བལྟ་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་རང་གི་སེམས་ཁམས་སྙོམས་སྒྲིག་བྱེད་དགོས། གལ་ཏེ་སེམས་ཀྱི་གནོན་ཤུགས་ཆེ་དྲག་ནས་སྙོམས་སྒྲིག་བྱེད་མི་ཐུབ་པའི་སྐབས་སུ་ཆེད་ལས་མི་སྣའི་རོགས་རམ་ལ་བརྟེན་དགོས།

དུས་བཅད་ལྟར་ལུས་པོར་བརྟག་དགོས། དུས་སྔ་མོ་ནས་ཤེས་རྟོགས་དང་དུས་སྔ་མོ་ནས་སྨན་བཅོས་བྱེད་རྒྱུ་ནི་སྐྲན་ནད་འགོག་བཅོས་ཀྱི་ཐབས་ལམ་བཟང་པོ་ཞིག་ཡིན། ད་སྔའི་སྨན་བཅོས་བརྟག་དཔྱད་ལག་རྩལ་གྱིས་སྐྲན་ནད་མང་ཤོས་སྔ་མོ་ནས་ངོས་འཛིན་ཐུབ་ལ། རང་ཉིད་ཀྱི་གནས་ཚུལ་ལྟར་སྐྲན་ནད་ཞིབ་བཤེར་ཁྲོད་ཞུགས་རྒྱུ་ནི་སྐྲན་ནད་ཀྱི་དུས་སྔོན་སྨན་བཅོས་བྱེད་ཚད་ཇེ་མཐོར་གཏོང་བའི་གནད་འགག་ཅིག་ཡིན། འཇུ་ལམ་སྐྲན་ནད་ཀྱི་དུས་སྔོན་ནད་རྟགས་ལ་དམིགས་ཁྱད་རང་བཞིན་མེད་པས། དུས་བཅད་ལྟར་ལུས་ཕུང་བརྟག་དཔྱད་བྱས་ཚེ་ནད་པའི་ལུས་སྟེང་གི་མི་མངོན་པའི་གནད་དོན་ཤེས་ཐུབ། །

རྩོམ་སྒྲིག་པ། འབྲུག་མོ།