ཨོལ་གོང་གཤེར་རྨེན་ཅན་གྱི་ནད་པས་ཉིན་རྒྱུན་གྱི་ཟས་སྤྱོད་ལ་དོ་སྣང་བྱེད་དགོས།
2024.05.14 ཁུངས། ཀློག་གྲངས། 39

ཨོལ་གོང་གཤེར་རྨེན གྱི་འབྱུང་རྐྱེན་རྙོག་འཛིང་ཆེ་སྟེ།  དེ་ལོ་ཚོད་དང་ཕོ་མོ།    ཁོར་ཡུག་ལ་སོགས་པར་འབྲེལ་བ་ཡོད་པར་མ་ཟད།  ཉིན་རྒྱུན་གྱི་ཟས་སྤྱོད་ལའང་འབྲེལ་བ་དམ་ཟབ་ཡོད།    བདེ་ཐང་གི་ཟས་སྤྱོད་གོམས་གཤིས་ཀྱིས་ཨོལ་གོང་གཤེར་རྨེན་ཅན་གྱི་ནད་པས་རང་ཉིད་ལ་དོ་དམ་ལེགས་པོ་བྱེད་ཐུབ་པར་མ་ཟད།  ནད་པའི་འཚོ་བའི་སྤུས་ཚད་ཀྱང་ཇེ་ལེགས་སུ་གཏོང་ཐུབ།

ཨོལ་གོང་གཤེར་རྨེན་གྱི་ལྗིད་ཚད་ནི་སྤྱིར་བཏང་དུ་ཁེ་ཉི་ཤུ་ནས་སུམ་ཅུའི་བར་ཡིན་ཏེ།   བྱ་སྲེག་པའི་སྒོང་ང་གསུམ་གྱི་ལྗིད་ཚད་དང་གཅིག་འདྲ་རེད། སྙིང་དང་མཆིན་པ། མཁལ་མ་སོགས་དང་བསྡུར་ན། ཨོལ་གོང་གཤེར་རྨེན་ནི་ཤིན་ཏུ་ཆུང་།   ཡིན་ནའང་།   དེས་མི་ལ་ཐེབས་པའི་ཤུགས་རྐྱེན་ཤིན་ཏུ་ཆེ་སྟེ།     མིའི་སྐྱེ་འཕེལ་དང་ནུས་པའི་བརྗེ་ཚབ་མང་པོར་ཚོད་འཛིན་བྱེད་བཞིན་ཡོད།    གཤེར་རྨེན་ཆུང་ངུ་དེ་ལ་གནོད་པ་ཐེབས་ཚེ། ཨོལ་ཐལ་དང་ཨོལ་གོང་གཤེར་རྨེན་གྱི་ནུས་པ་ཇེ་ཞན་དུ་འགྱུར་བ་སོགས་ཀྱིས་ཨོལ་གོང་གཤེར་རྨེན་གྱི་ནད་རིགས་འབྱུང་བ་ཡིན།  གལ་ཏེ་ཨོལ་ཐལ་བྱུང་ཚེ་ལུས་ཕུང་གི་ལྗིད་ཚད་མར་འགྲིབ་པ་དང་མིག་འབུར་བ།  སྐེ་ཇེ་སྦོམ་དུ་འགྲོ་བ།   སྟོབས་ཤུགས་ཞན་པ།    དེ་མིན་འཚུབ་ཆ་ལངས་སླ་བ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན།  གལ་ཏེ་ཨོལ་གོང་གཤེར་རྨེན་གྱི་ནུས་པ་ཇེ་ཞན་དུ་གྱུར་བའི་ནད་བྱུང་ཚེ།   ཐང་ཆད་པ་དང་ཟུངས་ཞན་པ།   གྲང་སླ་བ།  ཟླ་མཚན་མི་སྙོམས་པ།   མངལ་མི་ཆགས་པ།   ཡི་མུག་པ།  བཤང་སྐམ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན།   རྒྱུན་ལྡན་མིན་པའི་ཨོལ་གོང་གཤེར་རྨེན་གྱི་གནས་ཚུལ་དེ་དག་དུས་ལྟར་ལེགས་བཅོས་བྱ་མ་ཐུབ་ཚེ། ནད་པ་ལ་གནོད་པ་ཚབས་ཆེན་བཟོ་ངེས་ཡིན།

ཨོལ་གོང་གཤེར་རྨེན་བྱུང་བའི་ནད་པར་མཚོན་ན།  ཉིན་རྒྱུན་གྱི་ཟས་སྤྱོད་ཀྱིས་འཚོ་བཅུད་ཀྱི་དགོས་མཁོ་སྐོང་ཐུབ་པར་མ་ཟད།   ཚད་ངེས་ཅན་ཞིག་གི་སྟེང་ནས་ནད་རྟགས་ཀྱང་ཇེ་ཡང་དུ་གཏོང་ཐུབ།   ཨོལ་གོང་གཤེར་རྨེན་ཅན་གྱི་ནད་པས།  གཤམ་གྱི་ཟས་སྤྱོད་འདི་དག་ལ་མཉམ་འཇོག་བྱ་དགོས།

ཟས་སྤྱོད་ཐད་ནས་འཚོ་བཅུད་དོ་སྙོམས་ཡོང་བར་བྱ་དགོས།    ནད་པས་ཐོག་མར་རང་ཉིད་ཀྱི་ཨོལ་གོང་གཤེར་རྨེན་ནད་ཀྱི་རིགས་དང་ནད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱ་དགོས་ཤིང་།    ཆེད་ལས་སྨན་པར་བློ་འདྲི་བྱས་རྗེས་རང་ཉིད་དང་འཚམ་པའི་ཟས་སྤྱོད་འཆར་གཞི་བཟོ་དགོས།   དེར་མ་ཟད།   ནད་པས་ཟས་སྤྱོད་དོ་སྙོམས་ཡོང་བ་དང་ཟས་སྣ་མང་པོ་ཟ་དགོས།   ཟས་ཀྱི་ནང་དུ་སྤྲི་དཀར་རྫས་དང་ཐཱན་ཆུ་འདྲེས་འགྱུར་རྫས། དེ་མིན་འཚོ་བྱེད་རྒྱུ་སོགས་འདང་ངེས་ཡོད་དགོས།

ཏེན་གྱི་ཚད་ཚོད་འཛིན་བྱེད་དགོས།  ཏེན་ནི་ཨོལ་གོང་གཤེར་རྨེན་གྱི་ནད་པར་མཚོན་ན་རལ་གྲི་སོ་གཉིས་མ་ལྟ་བུ་ཞིག་ཡིན་ཏེ། ཨོལ་ཐལ་བྱུང་ཡོད་པའི་ནད་པར་ཏེན་མང་མི་ཉན་ལ།   ཨོལ་གོང་གཤེར་རྨེན་གྱི་ནུས་པ་ཇེ་ཞན་དུ་གྱུར་བའི་ནད་པར་ཏེན་འདང་དགོས་པ་ཡིན།    མཚོ་ཟས་ལ་ཆུ་སྔོ་རྩི་ཤིང་གི་རིགས་དང་ཆུ་འབུ་གློ་ཉལ་གྱི་རིགས།   ཉ་རིགས་བཅས་ཕལ་ཆེར་རིགས་གསུམ་ཡོད།   རིགས་མི་འདྲ་བའི་མཚོ་ཟས་ཀྱི་ཏེན་གྱི་འདུས་ཚད་ལའང་བར་ཁྱད་ཆེན་པོ་ཡོད། དེའི་ནང་།  མཚོ་ཟས་ཆུ་སྔོ་རྩི་ཤིང་གི་རིགས་ནི་ཏེན་གྱི་འདུས་ཚད་མཐོ་བའི་ཟས་རིགས་ཡིན།   ཆུ་འབུ་གློ་ཉལ་དང་ཉ་ཕྱིས་སོགས་ནི་ཏེན་གྱི་འདུས་ཚད་འབྲིང་ཅན་གྱི་ཟས་རིགས་ཡིན།  ཉ་ལེབ་རིང་དང་གསེར་ཉ་སོགས་ཉ་རིགས་ནི་ཏེན་གྱི་འདུས་ཚད་དམའ་བའི་ཟས་རིགས་སུ་གཏོགས།    དེ་བས། ནད་པས་ཟས་རིགས་ཁྲོད་ཀྱི་ཏེན་གྱི་འདུས་ཚད་ཚོད་འཛིན་ལེགས་པོ་བྱ་དགོས་ཤིང་།   རང་གི་གནས་ཚུལ་དང་བསྟུན་ནས་ཟས་རིགས་གདམ་ཀ་བྱ་དགོས།

ཟས་རིགས་ཁ་ཤས་ཀྱིས་ཨོལ་གོང་གཤེར་རྨེན་ལ་གནོད་པ་ཐེངས་ངེས།   དཔེར་ན།   སྲན་ཆེན་དང་སྲན་ཆེན་གྱིས་བཟོས་པའི་ཟས་རིགས་ཁྲོད་དུ་སྐྱེ་དངོས་རང་བཞིན་གྱི་སྐུལ་རྩི་མོ་འདུས་པས། ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩི་ཇེ་ཉུང་དུ་གཏོང་བ་ཡིན།   ང་ཚོས་རྒྱུན་དུ་ཟ་བཞིན་པའི་ལ་ཕུག་དང་ཆུར་ཚོད་སྔོན་པོ་སོགས་ཀྱི་ཁྲོད་དུ་དབྱང་འགྱུར་འགོག་པའི་དངོས་པོ་འདུས་པས།   ཨོལ་གོང་གཤེར་རྨེན་གྱིས་ཏེན་བསྡུ་ལེན་བྱེད་པར་བཀག་འགོག་བྱེད་པ་དང་།   ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩིའི་སྐྱེ་འཕེལ་ལའང་གནོད་པ་ཐེངས་ངེས་ཡིན།

དེ་ལས་གཞན།    ཟས་རིགས་ཁ་ཤས་དང་སྨན་རྫས་གཉིས་མཉམ་དུ་བསྟེན་ན།  སྨན་གྱི་ནུས་ཐོན་པར་གནོད་པ་ཐེབས་པ་ཡིན།   ཞིབ་འཇུག་ལས་མངོན་པ་ལྟར་ན།   མ་རྨོས་ལོ་ཏོག  སྲན་ཆེན།  ཡུག་པོ།   བྲ་བོ།   གྲོ་སོགས་ཟས་རིགས་ཀྱི་ཁྲོད་དུ་སྤྲི་དཀར་རྫས་དང་ཚིན་རྒྱུ། ཀལ་དང་མའེ། ལྕགས་སོགས་ཀྱི་གྲུབ་ཆ་འདུས་པས།   ཨོལ་གོང་གཤེར་རྨེན་གྱི་སྨན་གྱི་བྱེད་ནུས་ཇེ་ཞན་དུ་གཏོང་བ་ཡིན།   ཇ་རྒོད་དང་ཚིག་ཇ་སོགས་ཀྱིས་ཀྱང་ཨོལ་གོང་གཤེར་གྱི་སྨན་ནུས་ཇེ་ཞན་དུ་གཏོང་བ་ཡིན།  གོང་གི་ཟས་རིགས་འདི་དག་སྤྱོད་སྐབས།  ནད་པས་སྨན་བསྟེན་གྱི་དུས་ཚོད་དང་བར་ཐག་ངེས་ཅན་འཇོག་དགོས་པར་མ་ཟད།   དགོས་ངེས་ཀྱི་སྐབས་སུ་རང་ཉིད་དང་འཚམ་པའི་ཟས་སྤྱོད་འཆར་གཞི་ལེགས་པོ་ཞིག་བཟོ་དགོས།

ཨོལ་གོང་གཤེར་རྨེན་ཅན་གྱི་ནད་པས་ཟས་སྤྱོད་ཁྲོད་མཉམ་འཇོག་དགོས་ས་དྲུག

གཅིག   ཁྱད་ལྡན་སྤྲི་དཀར་རྫས་འདང་ངེས་བྱེད་པ། དཔེར་ན།   ཤ་སྣག་དང་ཉ་རིགས།   སྲན་མས་བཟོས་པའི་ཟས་རིགས།  སྒོང་ངའི་རིགས་སོགས་ཟ་དགོས།  སྤྲི་དཀར་རྫས་ཀྱིས་ལུས་ཟུངས་སླར་གསོ་བྱེད་པར་ནུས་པ་གལ་ཆེན་ཐོན་ངེས།

གཉིས།   ལུས་ཕུང་ལ་མི་གནོད་པའི་ཚིལ་སྣུམ་འདང་བར་བྱེད་པ།    དཔེར་ན།  སྐྱུ་རུའི་ཚིལ་སྣུམ་དང་ཉ་ཚིལ་སོགས་བསྟེན་དགོས།  དེ་དག་ནི་འཚོ་བྱེད་རྒྱུ་བསྡུ་ལེན་བྱེད་པའི་ཁ་ཟས་གལ་ཆེན་ཡིན།

གསུམ།   ཐཱན་ཆུ་འདྲེས་འགྱུར་རྫས་ཁ་གསབ་བྱ་དགོས་ཏེ་སྔོ་ཚོད་དང་སིལ་ཏོག་གི་རིགས་ཟ་དགོས།  དེ་དག་གི་ཁྲོད་དུ་ཚིན་རྒྱུ་འདུས་ཡོད་པས། མིའི་ཁྲག་གི་མངར་ཚད་ཚོད་འཛིན་ལ་རམ་འདེགས་བྱ་ཐུབ།

བཞི།  ཟུག་སློང་རང་བཞིན་གྱི་གྲུབ་ཆ་ལྡན་པའི་ཟས་རིགས་ཉུང་དུ་བསྟེན་དགོས།  དཔེར་ན།  ཚིག་ཇ་དང་ཇ་རྒོད། སུར་པེན་སོགས་ཀྱིས་ནད་གཞི་ཇེ་ལྕི་རུ་གཏོང་ངེས།

ལྔ།  ལུང་ཕུང་གི་ཆུ་འདང་ངེས་བྱེད་པ།  ཨོལ་ཐལ་བྱུང་ཡོད་པའི་ནད་པས་འོས་ཤིང་འཚམ་པའི་སྒོ་ནས་ཆུ་འཐུང་བའི་ཚད་ཇེ་མང་དུ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ།

དྲུག    ཟས་ཉུང་དུ་ཟ་བ་དང་ཐུན་མང་དུ་གཏོང་བ།   ཟས་ཉུང་ཐུན་མང་བྱས་ན་ནད་པའི་ཁྲག་གི་མངར་ཚད་སྙོམས་སྒྲིག་ལ་རམ་འདེགས་བྱེད་པར་མ་ཟད།   ཕུང་བོས་སྔར་ལས་ལྷག་པའི་སྒོ་ནས་འཚོ་བཅུད་བསྡུ་ལེན་བྱེད་པར་རམ་འདེགས་བྱ་ཐུབ།

ཨོལ་གོང་གཤེར་རྨེན་ཅན་གྱི་ནད་པས་ཡུན་རིང་གི་ཡང་དག་པའི་ཟས་སྤྱོད་གོམས་གཤིས་ཆགས་སུ་འཇུག་པ་དང་།    དུས་ལྟར་ནད་ལ་བརྟག་དཔྱད་དང་སྨན་པའི་མངག་བཅོལ་ལ་ཉན་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།