མཚོ་སྔོན་གྱིས“འཛམ་གླིང་ཁྱིམ་ཚང་སྨན་པའི་ཉིན་མོའི”དྲིལ་སྒྲོག་བྱ་འགུལ་སྤེལ།
2024.05.21 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 9

ཟླ5པའི་ཚེས19ཉིན་ནི“འཛམ་གླིང་ཁྱིམ་ཚང་སྨན་པའི་ཉིན་མོ”ཐེངས་བཅུ་བཞི་པ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་མཁར་དབུས་ཆུས་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིས་འགན་སྒྲུབ་བྱས་པའི་“ཚན་རིག་སྒོས་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱས་ཏེ། བདེ་ཐང་གིས་འཚོ་བ”བརྗོད་དོན་ཡིན་པའི་འཛམ་གླིང་ཁྱིམ་ཚང་སྨན་པའི་སྐྱེས་སྐར་དྲིལ་སྒྲོག་བྱ་འགུལ་མཁར་དབུས་ཆུས་བུའུ་ཡོས་ཐང་ཆེན་དུ་སྤེལ་བ་དང་། རྒྱ་ཆེའི་སྡོད་དམངས་ཀྱིས་ཁྱིམ་ཚང་སྨན་པའི་མིང་རྟགས་འགོད་པའི་ཞབས་ཞུས་བདེ་ཐང་དོ་དམ་གྱི་འདུ་ཤེས་ལ་སྐུལ་འདེད་བཏང་ནས། སྟབས་བདེ་དང་བསྟུད་མར། ཕྱོགས་བསྡུས་བཅས་ཀྱི་གཞི་རྩའི་སྨན་བཅོས་མྱོང་རོལ་བྱེད་དུ་བཅུག

བྱ་འགུལ་ཡུལ་དངོས་སུ། དྲིལ་སྒྲོག་འགྲེམ་བྱང་སྒྲིག་བཀོད་དང་དྲིལ་སྒྲོག་བརྙན་རིས་གཏོང་བ། དྲིལ་སྒྲོག་བྱང་བུ་སྟེར་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། སྡོད་དམངས་ལ་ཁྱིམ་ཚང་སྨན་ཁང་ཐོ་འགོད་ཞབས་ཞུ་དང་། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཤེས་བྱ་དང་། བདེ་ཐང་བློ་འདྲི། འོས་འགན་བྱ་འགུལ་སོགས་བརྒྱུད་དེ། སྡོད་དམངས་ཀྱི་བདེ་ཐང་འཚོ་བའི་འདུ་ཤེས་མཛུབ་སྟོན་བྱེད་པ་དང་། སྡོད་དམངས་ཀྱི་དོ་མཉམ་བཟའ་བཏུང་མཁོ་འདོན། འཚོ་བཅུད་ལུགས་མཐུན་གྱི་གྲོས་གཞི་འདོན་པར་ཁྲིད་སྟོན་བྱས།

“ཁྱེད་ཀྱི་ཁྲག་ཤེད་ཅུང་མཐོ་བ་དང་། ཁྲག་ཤེད་དམའ་རུ་གཏོང་བའི་སྨན་ངེས་པར་དུ་འཐུང་དགོས། དུས་རྒྱུན་དུ་ད་དུང་ངལ་གསོར་མཉམ་འཇོག་བྱས་ཏེ། བཟའ་བཏུང་ལ་གཟབ་དགོས”“ཁྱེད་ཀྱིས་སྣུམ་བསྲེག་དངོས་པོ་ཉུང་བཟའ་བྱེད་པ་དང་། དུས་ཡུན་ངེས་གཏན་ནང་ཁྲག་གི་ཀ་རའི་ཚད་ལྟ་སྐུལ་ཚད་ལེན་བྱེད་དགོས”ཟི་ལིང་གྲོང་ཁྱེར་མཁར་དབུས་ཆུས་ཡུན་ཅ་ཁུག་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཁྱིམ་ཚང་སྨན་པས་སྡོད་དམངས་ཀྱི་དྲི་བར་ལན་བཏབ་པ་དང་། འཚོ་བཅུད་ཁུག་མ་དང་དྲིལ་སྒྲོག་སློབ་གསོའི་རྒྱུ་ཆ་སྟེར་བ་སོགས་བྱས་ཤིང་། བརྩེ་སེམས་ཀྱི་ཁེངས་པའི་སྐད་ཆ་རེ་རེ་དང་། སྡོད་དམངས་ཀྱི་བདེ་ཐང་འཚོ་བའི་ཤེས་བྱ་མི་ཉུང་བ་ཞིག་སློབ་པར་བྱས། དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་སོགས་ཀྱི་ཆེད་མཁས་པ་མང་པོས། ཞབས་ཞུའི་དགེ་མཚན་དང་ཁྱད་ཆོས་འདོན་སྤེལ་བྱས་ཏེ། སྡོད་དམངས་ལ་བདེ་ཐང་བློ་འདྲི་དང་། འོས་འགན་སྨན་བཅོས་ཞབས་ཞུ་གནང་།

ཉེ་བའི་ལོ་ཤས་རིང་། རང་ཞིང་གིས་སྔོན་འགོག་གཙོར་བྱས་པའི་འཕྲོད་བསྟེན་བདེ་ཐང་བྱ་བ་ཁ་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་དང་། འགག་སྒོ་སྔོན་དུ་བསྣུར་བར་དོ་སྣང་བྱས་ནས། “ནད་རིགས་འགོག་བཅོས་དཀྱིལ་སྙིང་དུ་བྱེད་པ”ནས“བདེ་ཐང་དཀྱིལ་སྙིང”དུ་བྱེད་པར་བསྒྱུར་བཅོས་བྱས་ཏེ། སྡོད་དམངས་རང་ཉིད་བདེ་ཐང་གི་འགན་ཁུར་བ་དང་པོ་བྱེད་པར་རོགས་འདེགས་བྱས། །

རྩོམ་སྒྲིག་པ། འབྲུག་མོ།