ཚན་རིག་དང་མཐུན་པའི་སྒོ་ནས་ཏེན་ཁ་གསབ་བྱེད་དགོས།
2024.06.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 20

ཏེན་ནི་མིའི་ལུས་ཕུང་ལ་ངེས་པར་དུ་མཁོ་བའི་ཚད་ཉུང་གཞི་རྒྱུ་ཡིན་པ་དང་།  མིའི་ལུས་ཕུང་ཁྲོད་ཀྱི་ཏེན་གྱི་འདུས་ཚད་ཁེ20ནས30ཡིན་ཞིང་། ཆ་སྙོམས་ཀྱིས་ཁེ30ཡིན།   མིའི་ལུས་ཕུང་ཁྲོད་དུ་ཏེན་གྱི་འདུས་ཚད་ཉུང་ངུ་ལས་མེད་ཀྱང་།   དེ་ནི་ལུས་ཕུང་ཀྱི་མ་ལག་སོ་སོ་དང་ལྷག་པར་དུ་དབང་རྩའི་མ་ལག་གི་སྐྱེ་འཕེལ་ཐད་མེད་དུ་མི་རུང་བའི་གཞི་རྒྱུ་ཞིག་ཡིན།

ཏེན་ནི་མིའི་ལུས་ཕུང་གིས་ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩི་འདྲེས་གྲུབ་བྱེད་པའི་གཞི་རྒྱུ་གལ་ཆེན་ཡིན་ཏེ།   ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩི་ལུས་ཕུང་གི་བརྗེ་ཚབ་ཁྲོད་ཞུགས་ནས་དབང་རྩ་ཡོད་ཚད་ཀྱི་རྒྱུན་ལྡན་བྱེད་ནུས་སྲུང་འཛིན་བྱེད་པ་ཡིན།  ལུས་ཕུང་གིས་ཏེན་བསྡུ་མཚམས་བཞག་པའི་གནས་ཚུལ་འོག་ཏུ།   ལུས་ཕུང་དུ་གསོག་འཇོག་བྱས་པའི་ཏེན་གྱིས་ཟླ་གཉིས་ནས་གསུམ་བར་འདང་བ་ཡིན།   གལ་ཏེ་མིའི་ལུས་ཕུང་ལ་ཏེན་གྱི་འདུས་ཚད་མ་ལོངས་ཚེ།   ལུས་སྟེང་གི་ཨོལ་གོང་གཤེར་རྨེན་གྱི་སྐུལ་རྩིའི་འདྲེས་གྲུབ་མི་འདང་བ་དང་ཨོལ་གོང་གཤེར་རྨེན་གྱི་བྱེད་ནུས་ཇེ་ཞན་དུ་འགྲོ་བ།  ཐང་ཆད་སླ་བ།   བློ་རིག་སྒྲིམ་མི་ཐུབ་པ་སོགས་ཀྱི་སྣང་ཚུལ་འབྱུང་ངེས།

ཏེན་དཀོན་པའི་ཤུགས་རྐྱེན་ཐེབས་སླ་བའི་མི་ཚོགས་གང་ཡིན་ཟེར་ན།

སྦྲུམ་མ་དང་ནུ་མ་སྣུན་བཞིན་པའི་བུད་མེད།  ལོ་གཅིག་ནས་གསུམ་བར་གྱི་བྱིས་པ་སོགས་ནི་ཏེན་དཀོན་པའི་ཤུགས་རྐྱེན་ཐེབས་སླ་བའི་མི་ཚོགས་ཡིན།

སྦྲུམ་མ་དང་ནུ་མ་སྣུན་བཞིན་པའི་བུད་མེད་ཀྱི་ཏེན་གྱི་དགོས་མཁོའི་ཚད་སྤྱིར་བཏང་གི་བུད་མེད་ལས་མཐོ་བ་ཡིན།   སྦྲུམ་མས་ཏེན་བསྡུ་ལེན་བྱས་ནས་རང་སྟེང་གི་སྐྱེ་ལུགས་དགོས་མཁོ་བསྐང་དགོས་པར་མ་ཟད།   ད་རུང་སྦྲུམ་བུར་ཡང་ཏེན་མཁོ་སྤྲོད་བྱས་ནས་སྦྲུམ་བུའི་སྐྱེ་འཚར་གྱི་དགོས་མཁོ་བསྐང་དགོས།

ཚྭ་མི་ཟ་བ་སོགས་ཀྱིས་སྦྲུམ་མའི་ཏེན་གྱི་བསྡུ་ལེན་ཚད་མི་འདང་བའི་སྣང་ཚུལ་འབྱུང་ངེས།    སྦྲུམ་བུ་ཇེ་ཆེར་སོང་བ་དང་བསྟུན་ནས་སྦྲུམ་མའི་ཏེན་གྱི་དགོས་མཁོའི་ཚད་ཀྱང་ཇེ་མཐོར་འགྲོ་ངེས།   གལ་ཏེ་སྦྲུམ་མའི་ཏེན་གྱི་བསྡུ་ལེན་ཚད་འདང་ངེས་མིན་ཚེ།   སྦྲུམ་བུར་ཏེན་གྱིས་མི་འདང་བའི་སྣང་ཚུལ་བྱུང་ནས་ཀླད་པའི་སྐྱེ་འཚར་ལ་གེགས་བྱེད་པ་དང་།  བྱིས་པ་བཙས་པའི་རྗེས་སུ།  ཨོལ་གོང་གཤེར་རྨེན་གྱི་རྒྱུན་ལྡན་བྱེད་ནུས་ལ་གནོད་པ་བཟོ་ངེས།

ནུ་མ་སྣུན་བཞིན་པའི་བུད་མེད་ཀྱིས་བསྡུ་ལེན་བྱས་པའི་ཏེན་གྱིས་རང་ཉིད་དང་བྱིས་པ་གཉིས་ཀར་ཏེན་མཁོ་སྤྲོད་བྱེད་དགོས་པས།   ནུ་མ་སྣུན་བཞིན་པའི་བུད་མེད་ལའང་ཏེན་འདང་ངེས་ཡིན་དགོས།

གསར་དུ་བཙས་པའི་བྱིས་པ་ནི་ཀླད་པའི་སྐྱེ་འཚར་གྱི་གནད་འགག་གི་དུས་སྐབས་གཉིས་པར་སླེབས་ཡོད་པས།  མངལ་དུ་ཡོད་པའི་སྐབས་དང་འདྲ་བར་ཏེན་འདང་ངེས་ཡོད་དགོས་པ་ཡིན།   གལ་ཏེ་མངལ་དུ་ཡོད་པའི་བྱིས་པ་དང་གསར་དུ་སྐྱེས་པའི་བྱིས་པར་ཏེན་འདང་ངེས་མིན་ཚེ།  རིག་སྟོབས་ཞན་པ་དང་འགུལ་སྐྱོད་ཀྱི་ནུས་པ་ཞན་པ།  རིག་སྟོབས་དང་སྐྱེ་འཚར་རྗེས་ལུས་ཡིན་པ་སོགས་ཀྱི་སྣང་ཚུལ་འབྱུང་ངེས།

བྱིས་པ་དང་གཞོན་ནུ་ལོ་ཆུང་ནི་སྐྱེ་འཚར་གྱི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས།   ཏེན་གྱི་དགོས་མཁོའི་ཚད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བ་ཡིན།    གལ་ཏེ་བྱིས་པར་ཏེན་འདང་ངེས་མིན་ཚེ།   ལུས་ཕུང་གི་སྐྱེ་འཚར་དལ་བ་དང་གཟུགས་ཐུང་བ།   རུས་པའི་ཤ་གྲིམ་གྱི་སྐྱེ་འཚར་དལ་བ།   སློབ་སྦྱོང་གི་ནུས་པ་ཞན་པ་སོགས་ཀྱི་སྣང་ཚུལ་འབྱུང་ངེས།   བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་ཏེན་འདང་ངེས་མིན་པའི་མངོན་རྟགས་ནི་ཨོལ་གོང་གཤེར་རྨེན་སྐྲངས་པ་དེ་ཡིན།  ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་ཨོལ་གོང་གཤེར་རྨེན་གྱི་ཆེ་ཆུང་ལ་འགྱུར་ལྡོག་འབྱུང་བཞིན་ཡོད།   གཞོན་ནུའི་དུས་སྐབས་སུ་ཏེན་གྱི་དགོས་མཁོ་ཆེ་རུ་ཕྱིན་པ་དང་བསྟུན་ནས་སྐྱེ་ལུགས་རང་བཞིན་གྱི་ཨོལ་གོང་གཤེར་རྨེན་སྐྲངས་བའི་སྣང་ཚུལ་འབྱུང་སླ་བ་ཡིན།   ཏེན་ཁ་གསབ་བྱས་ཏེ་དུས་ཡུན་ངེས་ཅན་ཞིག་འགོར་རྗེས།   ཆེ་རུ་སྐྲངས་པའི་ཨོལ་གོང་གཤེར་རྨེན་དེའང་རྒྱུན་ལྡན་དུ་འགྱུར་ཐུབ་པ་ཡིན།

ཏེན་ཚྭ་བསྟེན་ན་ཏེན་དཀོན་པའི་ནད་སྔོན་འགོག་བྱེད་ཐུབ་བམ་ཟེར་ན།   མིའི་ལུས་ཕུང་གི་ཏེན་གྱི་གསོག་འཇོག་བྱེད་ནུས་ལ་ཚད་ཡོད་པས།  ཡུན་རིང་དང་ཚད་ཉུང་བ།  སྟབས་བདེ་སོགས་ཀྱི་སྒོ་ནས་ཏེན་ཁ་གསབ་བྱེད་པའི་རྩ་དོན་བརྩི་བསྲུང་བྱེད་དགོས།  མི་སུ་ཡིན་ཡང་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཚྭ་དང་ཁ་འབྲལ་ཐབས་མེད་པ་དང་།   ཟས་ཚྭ་ལ་བསྟེན་ནས་ཏེན་ཁ་གསབ་བྱེད་པ་དེ་གོང་གི་རྩ་དོན་དང་མཐུན་པ་ཡིན།   ལག་ལེན་ལས་ར་སྤྲོད་བྱུང་བ་ལྟར་ན།   ཟས་ཚྭ་ལ་བསྟེན་ནས་ཏེན་ཁ་གསབ་བྱེད་པ་དེར་བདེ་འཇགས་དང་ནུས་ཡོད།  ཡུན་རིང་ལ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ཁྱད་ཆོས་ཡོད་པས།  ཟས་ཚྭ་ལ་བསྟེན་ནས་ཏེན་ཁ་གསབ་བྱེད་པ་དེ་ནི་ཆེས་ལེགས་པའི་བྱེད་ཐབས་ཤིག་ཡིན།

མི་མང་པོ་ཞིག་གིས་རྒྱུན་པར་མཚོ་ཟས་ཀྱི་རིགས་མང་དུ་བསྟེན་ན།   ཏེན་ཚྭ་བསྟེན་མི་དགོས་པར་འདོད་བཞིན་ཡོད་མོད།  འོན་ཀྱང་དེ་ཡང་མིན་ཏེ།   ས་ཁུལ་མི་འདྲ་བ་དང་རིགས་མི་འདྲ་བའི་མཚོ་ཟས་ཀྱི་ཏེན་གྱི་འདུས་ཚད་ལ་བར་ཁྱད་ཡོད་པ་ཡིན།   དེ་བས།   རྒྱུན་པར་མཚོ་ཟས་ཀྱི་རིགས་བསྟེན་བཞིན་ཡོད་ནའང་།  ཏེན་གྱི་བསྡུ་ལེན་ཚད་འདང་ངེས་ཡོང་བའི་ངེས་པ་མེད།

མདོར་ན།  སྦྲུམ་མ་དང་ནུ་མ་སྣུན་བཞིན་པའི་བུད་མེད་སོགས་ཀྱིས་ཏེན་གྱི་འདུས་ཚད་མཐོ་བའི་ཟས་ཚྭ་བསྟེན་དགོས་པར་མ་ཟད།   སྒོང་ང་དང་ཤ་ཡི་རིགས་སོགས་ཏེན་གྱི་འདུས་ཚད་མཐོ་བའི་ཟས་རིགས་གཞན་པའང་བསྟེན་དགོས་པ་ཡིན།

གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།