རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་གྱི2024ལོའི་གཙོ་གནད་བྱ་བའི་ལས་འགན་དཔར་འགྲེམ་བྱས།
2024.06.11 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 14

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས《སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་གྱི2024ལོའི་གཙོ་གནད་བྱ་བའི་ལས་འགན》(གཤམ་དུ《ལས་འགན》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས།

《ལས་འགན》གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། སྨན་བཅོས་འགན་སྲུང་དང་སྨན་བཅོས། སྨན་རྫས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་བཅས་ལ་དམིགས་ཏེ། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་གཏོང་རྒྱུ་རེད།

《ལས་འགན》ཁྲོད་ཕྱོགས་བདུན་གྱི་གཙོ་གནད་ལས་དོན་བཏོན་ཡོད། གཅིག་ནི་སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་གྱི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ། ས་གནས་རིམ་པ་སོ་སོའི་སྲིད་གཞུང་གིས་སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་སྐུལ་འདེད་ཀྱི་བྱ་བའི་ལམ་སྲོལ་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ། སྨན་བཅོས་འགན་བཅོལ་དང་། སྨན་བཅོས། སྨན་རྫས་བཅས་གཅིག་གྱུར་ནུས་ཆེའི་སྲིད་ཇུས་མཐུན་སྦྱོར་དང་། ཆ་འཕྲིན་མཉམ་འབྲེལ། ལྟ་སྐུལ་མཉམ་འགུལ་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱེད་དགོས། གཉིས་ནི་གསལ་གསུམ་སྨན་བཅོས་བཅོས་སྒྱུར་གྱི་ཉམས་མྱོང་ཁྱབ་གདལ་གཏིང་ཟབ་བཏང་ནས། སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཀྱིས་གྲངས་ཚད་དང་བསྟུན་ནས་ཉོ་སྒྲུབ་བྱས་ཏེ། སྤུས་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་ནས་སྨན་བཅོས་ཞབས་ཞུའི་རིན་གོང་དང་། སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས། གཞུང་བཙུགས་སྨན་ཁང་གི་གླ་ཕོགས་ལམ་ལུགས་བཅས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་པ། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། དམ་ཟབ་ཅན་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་བདེ་ཐང་ཤེས་ལྡན་མི་སྣའི་ནུས་པ་ཆེ་རུ་གཏོང་བ། སྤུས་ལེགས་ནུས་ཆེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཅོས་སྒྱུར་ཚོད་ལྟ་བྱེད་དགོས། བཞི་ནི་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རིམ་པ་སོ་སོ་དང་རིགས་སོ་སོའི་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅོས་སྒྱུར་བྱེད་ཐབས་གཙོ་གནད་ཐོག་བཀོད་སྒྲིག་བྱ་དགོས། ལྔ་ནི་རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་དང་། གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཚོང་ལས་ཀྱི་བདེ་ཐང་འགན་སྲུང་འཕེལ་རྒྱས་སུ་གཏོང་དགོས། དྲུག་ནི་སྨན་རྫས་ཁྱབ་ཁོངས་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་། སྨན་རྫས་བེད་སྤྱོད་དང་དོ་དམ་འཐུས་ཚང་དུ་གཏོང་བ། སྨན་རྫས་ལ་ཞིབ་དཔྱད་དང་ཞིབ་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། སྨན་རྫས་མཁོ་སྤྲོད་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། བདུན་ནི་གཙོ་གནད་བཅོས་སྒྱུར་གཞན་དག་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དེའི་ནང་གྲངས་འཛིན་ཅན་གྱི་ནུས་པ་སྤྲོད་པའི་སྨན་བཅོས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། “རྒན་པ་གཅིག་དང་ཆུང་ཆུང་གཅིག”གི་འབྲེལ་ཡོད་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་སོགས་འདུས་ཡོད།  །

རྩོམ་སྒྲིག་པ། འབྲུག་མོ།