མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གསོ་རིག་ཞིབ་འཇུག་འཕེལ་རྒྱས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས།
2024.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཐོ་སྒང་གི་གསོ་རིག་ཞིབ་འཇུག་འཕེལ་རྒྱས་མཚོ་སྔོན་གྱི་གྲུབ་འབྲས་སྨྱན་བྱད་ཕྱིར་བསྒྲགས་ཚོགས་འདུ་བསྡུས་ནས། ཉེ་བའི་ལོ70རིང་འཚོལ་ཞིབ་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གསོ་རིག་ཞིབ་འཇུག་ཐད་མཐོ་སྒང་གི་ནད་དང་། མཐོ་སྒང་རང་བཞིན་གྱི་ནད་དང་། འགོ་ནད། ས་གནས་ཀྱི་ནད་སོགས་འགོག་བཅོས་ཀྱི་དགོས་མཁོ་སྐོང་བ་རྨང་གཞིར་བྱས་པ་དང་། ནད་ཐོག་སྨན་བཅོས་བྱེད་པ་འཁྲིད་ཕྱོགས་སུ་འཛིན་པ། སྨན་བཅོས་ལས་ཁུངས་གཙོ་གཞི་ཡིན་པ། མཉམ་ལས་དྲ་རྒྱ་གཞོགས་འདེགས་ཡིན་པའི་བྱ་བའི་ལམ་སྲོལ་དང་། རྨང་གཞིའི་ཞིབ་འཇུག་དང་། རིག་གཞུང་བརྗེ་རེས། ཤེས་ལྡན་མི་སྣ་གསོ་སྐྱོང་། གྲུབ་འབྲས་གཞན་སྒྱུར་སོགས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་ལ་མཐོ་སྒང་གི་གསོ་རིག་དང་། གསོ་རིག་གི་རྨང་གཞིའི་སློབ་གསོ། ནད་གཞི་ཚབས་ཆེན་འགོག་བཅོས་སོགས་ཐད་སྟེགས་བུ 40 ཡོད་པ་དང་། མཐོ་སྒང་གསོ་རིག་གི་འབྲེལ་ཡོད་གཙོ་གནད་ཚོད་ལྟ་ཁང 21 ཡོད་པ། རང་རྒྱལ་གྱི་ས་བབ་སྨི 4600 ཡོད་པའི་ཨ་ཆེན་གངས་རྒྱབ་ཐང་སྟོང་མཐོ་སྒང་གསོ་རིག་ཡུལ་དངོས་ཞིབ་འཇུག་རྟེན་གཞི་དང་མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེ་མཛོད་བཅས་ཡོད།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝུའུ་ཐེན་ཡུས་ཀྱིས་སྣེ་ཁྲིད་འོག སྔོན་གྱི་མཚོ་སྔོན་ཞིང་ཆེན་མཐོ་སྒང་གསོ་རིག་ཚན་རིག་ཞིབ་འཇུག་ཁང་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་མཐོ་སྒང་ནད་ཞིབ་འཇུག་གཙོ་གནད་ཚོད་ལྟ་ཁང་དང་། ཞིང་ཆེན་རིམ་པའི་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཚོད་ལྟ་ཁང་དུ་བསྒྱུར་ནས། འཛམ་གླིང་སྟེང་གི་ཆེས་མཐོ་བ་དང་དམའ་བའི་དབྱང་ཚང་ཡོད་པས། དབྱང་རླུང་དམའ་བའི་ལུས་ཁམས་དང་མཐོ་སྒང་གསོ་རིག་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ནས། མཐོ་སྒང་དུ་འཚོ་གནས་བྱེད་པར་བདེ་འཇགས་ཀྱི་ཚན་རིག་མ་ལག་བསྐྲུན། མཚོ་སྔོན་སློབ་ཆེན་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་སུ་མཐོ་སྒང་གསོ་རིག་གི་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གནས་བཙུགས་ནས། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱས། མཚོ་སྔོན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ལས་ཁུངས་སུ“གནས་ལྔ་གཞི་གཅིག་གི”ཞིབ་འཇུག་སྟེགས་བུ་གྲུབ་ནས། ཚད་ལྡན་ཡིག་ཆ་ཞིབ་འཇུག་དང་། འདུལ་སྦྱོང་ཞིབ་འཇུག དབྱེ་ཞིབ་ཞིབ་བཤེར། ནད་ཐོག་སྨན་བཅོས་སྨན་རྫས་ཞིབ་འཇུག་སོགས་རྟེན་གཞི་དགུ་བཙུགས་ཡོད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་བོད་ལུགས་གསོ་རིག་གི་ལུམས་བཅོས་དང་བོད་ལུགས་གསོ་རིག་གི་གཏར་ཁའི་བཅོས་ཐབས་དེ་རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་དུ་བཀོད་ཡོད་པ་དང་། སྨན་ཁང་དེ་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི“བོད་ལུགས་གསོ་རིག་གི་ལུམས་བཅོས”དང་“བོད་ལུགས་གསོ་རིག་གི་གཏར་ཁའི་བཅོས་ཐབས”རྒྱུན་འཛིན་རྟེན་གཞི་རུ་བདམས་ནས། ཞིབ་འཇུག་གསར་སྤེལ་བྱས་པའི་སྨན་སྣ་མང་པོ་དང་བདེ་སྲུང་ཐོན་རྫས་རྒྱ་ཁྱབ་ངང་ནད་ཐོག་སྨན་བཅོས་དང་ལུས་ཁམས་བདེ་སྲུང་ཐད་སྤྱོད་བཞིན་ཡོད། 2023 ལོའི་ཟླ 9 ཚེས 1 ཉིན། 《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བར་ཁེར་རྐྱང་གི་ཁྲིམས་བཙུགས་པའི་ཞིང་ཆེན་དུ་གྱུར་ནས། ཐུམ་འབུའི་ནད་འགོག་བཅོས་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཁག་ཐེག་བྱས།

གསོ་རིག་སྤོ་བསྒྱུར་ཕྱོགས་ནས། 《མཐོ་སྒང་གི་སྤོ་བསྒྱུར་གསོ་རིག་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》གཏན་ལ་ཕབ་ནས་བཏོན་པ་དང་། ཡོན་ཧྲི4དང་རྒྱལ་ནང་གི་མཐོ་སྒང་ནད་འཕོ་འགྱུར་གསོ་རིག་ཆེད་ལས་མཁས་པ 47 གྱིས་གྲུབ་པའི་ཆེད་མཁས་པའི་ཚོགས་པ་བཙུགས་ནས། ཁྱབ་ཁོངས་བགར་ནས་མཐོ་སྒང་གི་ནད་ཐོག་སྨན་བཅོས་རིག་པ་དང་། རྨང་གཞིའི་གསོ་རིག་སོགས་ཞིབ་འཇུག་ཚོགས་པ་སོགས་ཞིབ་འཇུག་ཚོགས་པ10དང་ཞིབ་འཇུག་ཚན་ཆུང43བཙུགས་ནས། མཐོ་སྒང་གི་གསོ་རིག་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། ནུས་པའི་ངེས་གནས། སྐུལ་འདེད་ཐབས་ལམ་བཅས་ལ་དམིགས་ནས་འབྲེལ་ཡོད་ཀྱི་ཞིབ་འཇུག་བྱ་བ་སྤེལ་བ་དང་། དེའི་ནང་བོད་སྨན་སྲོ་ལོ་དམར་པོ་དང་། ཉུང་མ་སོགས་སྨན་སྣ་རྐྱང་མ་དང་། མུ་ཏིག་བདུན་ཅུ། མུ་ཏིག་ཉེར་ལྔ་སོགས་གསོ་རླུང་མི་འདང་བ་དང་། ངལ་དུབ་འགོག་པ། དལ་བའི་རང་བཞིན་གྱི་ནད་གསོ་བཅོས་བྱེད་པའི་སྨན་ནད་ཐོག་ལག་ལེན་དུ་རྒྱ་ཆེར་བཀོལ་བཞིན་ཡོད། མཐོ་སྒང་གསོ་རིག་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་བྱས་པར་གྲུབ་འབྲས་མངོན་གསལ་བླངས་ཡོད། དེ་ལས་གཞན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་གཏན་འབེབས་བྱས་པའི《མཚོ་སྔོན་ཞིང་ཆེན་བོད(སོག)ལུགས་སྨན་བཅོས་སྒྲིག་གཞིའི་སྨན་རྫས་འགན་བཅོལ་དཀར་ཆག》དཔར་འགྲེམ་བྱས་ནས། བོད་(སོག)ལུགས་སྨན་བཅོས་ལས་ཁུངས་རང་གིས་སྡེབ་སྦྱོར་བྱས་བའི་སྨན་རྫས492སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ནས། རྒྱལ་ཡོངས་ཀྱི་སྔོན་ལ་བོད(སོག)ལུགས་སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་བྱུང་ཡོད། །

ཡིག་སྒྱུར་བ། འབྲུག་མོ།