གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་འགྲོ་དུས་ངེས་པར་དུ་ཤེས་དགོས་པའི་གནད་དོན་འགའ།
གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་སོང་ན་བཟང་ཆ་མང་བ་ཚང་མས་ཤེས་ཡོད་མོད། ཡིན་ནའང་གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་འགྲོ་བའི་ཤུགས་ཚད་དང་མང་ཉུང་སོགས་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱུང་མེད། ཀྲུང་ཧྭ་ནད་འགོག་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བདེ་ཐང་སྒྲོག་སྤེལ་ཡན་ལག་ཚོགས་པའི་ཀྲུའུ་རིན་ཨུ་ཡོན་ཁོང་ལེན་ཀྲི་ཡིས་གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་འགྲོ་བར་གཤམ་གྱི་གཞི་རྩའི་གནད་དོན་འགའ་ཤེས་དགོས་པ་བསྟན་ཡོད་དེ།
གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་འགྲོ་བ་དེ་འཆམ་འཆམ་དུ་འགྲོ་བ་དང་གཏན་ནས་མི་མཚུངས་པར། དེ་ནི་འཆམ་འཆམ་དུ་འགྲོ་བ་དང་འགྲོ་རྩལ་འགྲན་སྡུར་བར་གྱི་འགུལ་སྐྱོད་བྱེད་ཐབས་ཅུང་དྲག་པོ་ཞིག་ཡིན། འགྲོ་དུས་དབུགས་ཅུང་ཟད་ཧད་པ་དང་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་སོང་ནའང་ད་དུང་འགྲོ་རོགས་དང་ཁ་བརྡ་བྱས་ནས་བསམ་བློ་བརྗེ་རེས་བྱེད་ཐུབ་པའི་སྐབས་སུ། ནུས་ཚད་ཟད་གྲོན་དུ་འགྲོ་ཚད་མངོན་གསལ་སྒོས་ཇེ་མཐོར་གྱུར་ཡོད། དེ་བས་རང་ཉིད་ཀྱི་བདེ་ཐང་གི་ཆེད་དུ་ཐེངས་རེར་གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོས་དུས་ཚོད་སྐར་ཆ་སུམ་ཅུ་ནས་དུས་ཚོད་གཅིག་གི་རིང་ལ་སོང་ན་བཟང་བ་དང་། ཆེས་ཉུང་ནའང་ཐེངས་རེར་སྐར་མ་བཅུ་དང་ཉིན་རེར་སྐར་མ་སུམ་ཅུའི་ཡན་ལ་འགྲོ་དགོས།
དུས་ཡུན་རིང་པོར་འགུལ་སྐྱོད་བྱེད་ཚད་ཚད་ལས་བརྒལ་ན་ཉེན་ཁ་ཆེ་བས། རྒྱུན་པར་རྐང་ཐང་དུ་འགྲོ་བ་དེས་ལུས་སྦྱོང་གི་ཚབ་བྱེད་པའི་མི་དར་མ་རྣམས་ཉིན་རེར་གོམ་པ་སྟོང་བརྒྱད་ནས་གོམ་པ་ཁྲི་གཅིག་དང་སྟོང་གསུམ་ལ་འགྲོ་བ་དང་། དེའི་ཁྲོད་གོམ་སྟངས་ཅུང་མགྱོགས་ཤིང་བརྟན་པོའི་སྒོ་ནས་གོམ་པ་སྟོང་ལྔ་ནས་སྟོང་བརྒྱད་ཙམ་ལ་སོང་ན་ཆོག དུས་རྒྱུན་གྱི་འཚོ་བའི་ཁྲོད་ང་ཚོ་གོམ་པ་སྟོང་གསུམ་ནས་སྟོང་ལྔ་ཙམ་སོང་ན་འོས་ཤིང་འཚམས་པ་ཡིན། གོམ་སྟབས་མགྱོགས་ཤིང་བརྟན་པོའི་སྒོ་ནས་འགྲོ་བ་ཚད་ལས་བརྒལ་ན་རྐང་བའི་རུས་ཚིགས་ལ་དལ་བའི་རང་བཞིན་གྱི་གནོད་པ་ཐེབས་སྲིད་པས། འགུལ་སྐྱོད་བྱེད་ཚད་ཐལ་དྲགས་མི་རུང་བ་དང་སྦྱོང་བརྡར་བྱེད་ཐབས་སྣ་གཅིག་བཀོལ་ན་མི་འཚམས།
གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་མ་སོང་བའི་སྔོན་གྱི་སྐར་མ་ལྔ་ནས་བཅུའི་ནང་དུ་རུས་ཚིགས་འགུལ་སྐྱོད་བྱེད་པ་དང་། ཤ་གྲིམ་འཐེན་སྐུམ་བྱེད་པ་བཅས་བྱས་ནས་ལུས་པོ་ཅུང་ངར་དུ་འཇུག་དགོས་ལ། གོམ་མཚམས་བཞག་རྗེས་ཡང་བསྐྱར་དུས་ཚོད་སྐར་མ་ལྔ་ནས་བཅུའི་ནང་དུ་ལུས་ཕུང་གི་ཤ་གྲིམ་རྣམས་སྙོམ་སྒྲིག་བྱེད་པའི་ལྷོད་གཡེང་གི་སྦྱོང་བརྡར་བྱེད་དགོས།
སྦྱོང་བརྡར་དེ་བྱེད་སྐབས་གྱོན་པར་ཡང་མཉམ་འཇོག་བྱེད་དགོས་ཏེ། སྦྱོང་བརྡར་ལ་འཚམ་པའི་གྱོན་པ་དང་ལྷམ་བདེ་མོ་ཡིན་དགོས། ཚྭ་གདུག་ཆེ་བའི་ཁོར་ཡུག་ཏུ་དུས་ཡུན་རིང་བོར་གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོའི་སྒོ་ནས་འགྲོ་མི་རུང་། ནམ་ཟླ་མི་ལེགས་པའི་དུས་སུ་རབ་ཡིན་ན་སྒོ་ཕྱིར་མི་འགྲོ་བར་ཁང་བའི་ནང་དུ་སྦྱོང་བརྡར་བྱས་ན་ལེགས།
བཟའ་བཏུང་གི་ཕྱོགས་ནས་ཀྱང་ཟས་རྒྱགས་དྲགས་པ་ཞིག་བཟའ་མི་རུང་། འགུལ་སྐྱོད་བྱས་རྗེས་བཟའ་བཏུང་ལ་ཚོད་འཛིན་བྱེད་དགོས་པ་དང་ལྷག་པར་དུ་སྣུམ་ཞགས་ཆེ་བའི་བཟའ་བཏུང་མང་པོ་བསྟེན་མི་རུང་། གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོས་འགྲོ་དུས་ཧ་ལམ་དུས་ཚོད་སྐར་མ་བཅོ་ལྔ་ནས་ཉི་ཤུའི་མཚམས་སུ་ཆུ་ཅུང་ཟད་རེ་འཐུང་དགོས་པ་དང་། གལ་ཏེ་དུས་ཚོད་གཅིག་ཙམ་ལ་འགྲོ་བ་དང་རྔུལ་ཆུ་བཞུར་ཚད་མང་ན་སྦྱོང་བརྡར་བྱེད་སྐབས་དང་སྦྱོང་བརྡར་བྱས་རྗེས་ཆུ་དེ་ལས་ཀྱང་མང་པོ་འཐུང་དགོས།
ཁྲག་ཤེད་མཐོ་བ་དང་གཅིན་སྙིའི་ནད་པས་སྦྱོང་བརྡར་དེ་བྱེད་སྐབས་མཉམ་འཇོག་བྱེད་དགོས།
དལ་བའི་རང་བཞིན་གྱི་ནད་རིགས་བྱུང་ཡོད་པའི་ནད་པས་ལུས་སྦྱོང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་མོད། ཡིན་ནའང་ལུས་སྦྱོང་བྱེད་སྐབས་མཉམ་འཇོག་གང་ལེགས་བྱེད་དགོས། ཁོང་ལེན་ཀྲི་ཡིས་བཤད་རྒྱུར། ཁྲག་ཤེད་མཐོ་བ་དང་། གཅིན་སྙིའི་ནད་བྱུང་ཡོད་པའི་ནད་པས་སྦྱོང་བརྡར་དེ་བྱེད་སྐབས་མི་རང་ཉིད་ཀྱི་ལུས་ཕུང་གི་གནས་ཚུལ་དང་བསྟུན་དགོས་པ་དང་། སྨན་པའི་ངག་བཀོད་ལ་ཉན་ནས་ལུས་སྦྱོང་བྱེད་པར་གྲ་སྒྲིག་དང་འགོག་སྲུང་གང་ལེགས་བྱེད་དགོས་པར་མ་ཟད། འགྲོ་རོགས་དང་མཉམ་དུ་འགྲོ་བ་ལས་མི་མེད་སར་རང་གཅིག་པུས་ལུས་སྦྱོང་བྱེད་མི་རུང་། གཤམ་དུ་དེའི་སྐོར་གྱི་མཉམ་འཇོག་བྱེད་དགོས་པའི་གནད་དོན་འགའ་ངོ་སྤྲོད་ཅིག་བྱེད།
གཅིན་སྙི་ནད་པས་རང་གི་རྐང་བར་སྲུང་སྐྱོབ་བྱེད་དགོས། ཟས་ཐུན་རེ་རེའི་རྗེས་ཀྱི་དུས་ཚོད་ཕྱེད་ཀའི་ནང་སྐར་མ་ཉི་ཤུ་ནས་བཞི་བཅུ་ཙམ་ལ་འོས་འཚམས་ཀྱིས་འགུལ་སྐྱོད་བྱས་ན་ཁྲག་མངར་ལ་ཚོད་འཛིན་བྱེད་ཐུབ། སྤྱིར་གཅིན་སྙིའི་ནད་པའི་ཕྱིའི་དབང་རྩར་ནད་འགྱུར་བྱུང་ཡོད་ལ་ན་ཟུག་ཆེན་པོ་མེད། དེ་བས་གཅིན་སྙི་ནད་པ་རྐང་རྗེན་དུ་མ་སོང་ན་བཟང་། གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་མ་སོང་བའི་སྔོན་དང་འགྲོ་སྐབས་དང་སོང་རྗེས་བཅས་སུ། མངར་ཆ་འདུས་པའི་སྐོམ་ཆུའི་རིགས་འཐུང་ན་ཁྲག་གི་མངར་ཆ་ཇེ་མཐོར་འགྲོ་སྲིད་པས་སྐོམ་ཆུ་དེའི་རིགས་འཐུང་མི་རུང་། གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་སོང་རྗེས། རྐང་བར་རྨས་སྐྱོན་ཕོག་ཡོད་མེད་ལ་ཞིབ་ཏུ་བལྟ་དགོས། ལྷག་པར་དུ་རྐང་མཛུབ་ཀྱི་བར་དང་རྐང་མཐིལ་དང་ཕྱི་རྟིང་བཅས་སུ་རྨས་སྐྱོན་བྱུང་ཡོད་མེད་ལ་ བལྟ་དགོས། གལ་ཏེ་རྨས་སྐྱོན་ཅུང་བྱུང་ཡོད་ཚེ་དུས་ཐོག་ཏུ་སྨན་ཁང་ལ་འགྲོ་དགོས། གཅིན་སྙིའི་ནད་བྱུང་ཡོད་པའི་ནད་པས་འགུལ་སྐྱོད་བྱེད་ཚད་ལ་ཚོད་འཛིན་དགོས། གལ་ཏེ་གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་འགྲོ་ཚད་མང་ན་རུས་ཚིགས་སྐྲངས་པ་སོགས་ཀྱི་ནད་རྟགས་འབྱུང་སླ། དེ་ལྟར་བྱས་ན་ཁྲག་གི་མངར་ཆར་ཚོད་འཛིན་པར་དཀའ་ལས་ཆེན་པོ་འབྱུང་སྲིད།
རུས་ཚིགས་ཀྱི་ནད་བྱུང་ཡོད་པའི་ནད་པས་ཀྱང་འགུལ་སྐྱོད་བྱེད་ཚད་ལ་ཚོད་འཛིན་དགོས། སྨན་པའི་ངག་བཀོད་ལ་ཉན་པ་དང་མི་རང་ཉིད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་ཚད་མཐུན་གྱི་འགུལ་སྐྱོད་འཆར་གཞི་འགོད་དགོས། རུས་ཚིགས་ཀྱི་ནད་བྱུང་ཡོད་པའི་ནད་པས་གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་འགྲོ་དུས། པུས་མོ་དང་སྲེ་ལོང་ལ་སྲུང་སྐྱོབ་བྱེད་དགོས། འགུལ་སྐྱོད་བྱེད་ཚད་དང་དུས་ཚོད་ལ་དོ་སྣང་བྱས་ནས། གནས་ཚུལ་ལྟར་ལག་རྟེན་སོགས་གཞོགས་འདེགས་ཀྱི་ལག་ཆར་བརྟེན་ནས་གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་འགྲོ་དགོས། གལ་ཏེ་ལུས་ཤུགས་ཟད་པ་དང་ངལ་དུབ་ཆེ་དྲགས་པ། རྐང་བ་སྐྲངས་ནས་འགྲོ་འདུག་ལ་སྟབས་མི་བདེ་བའི་སྐབས་སུ་ལུས་སྦྱོང་བྱེད་མཚམས་འཇོག་དགོས།
ལུས་ཚོ་བའི་མིས་རུས་ཚིགས་ལ་སྲུང་སྐྱོབ་བྱས་ནས་འགུལ་སྐྱོད་བྱེད་ཚད་དེ་འདྲ་ཐལ་དྲགས་མི་རུང་། གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་འགྲོ་དུས་ལག་གཉིས་གཡུགས་ནས་རྩིབས་རུས་གཅུས་འཁོར་བྱས་ནས་སོང་ན་སྐེད་པ་དང་གསུས་པར་སྦྱོང་བརྡར་ཐོབ་ཐུབ། ལུས་ཚོ་དྲགས་པའི་མིས་གོམས་སྟབས་ཅུང་མགྱོགས་ཤིང་བརྟན་པོར་འགྲོ་དུས་ལག་རྟེན་ལ་ཁེན་ནས་འོས་འཚམ་སྒོས་སོང་ན་པུས་ཚིགས་ལ་སྲུང་སྐྱོབ་བྱེད་ཐུབ།
ཁྲག་ཤེད་མཐོ་བའི་མིས་རང་ཉིད་ཀྱི་ལུས་ཕུང་གི་གནས་ཚུལ་ལྟར་འགྲོ་དགོས། ཁྲག་ཤེད་མཐོ་བའི་མིས་གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་འགྲོ་ཚད་དེ་རིམ་གྱིས་ཇེ་མང་དུ་བཏང་ནས་ཁྲག་ཤེད་མར་འབབ་ཏུ་འཇུག་དགོས། གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་མ་སོང་བའི་སྔོན་དུ་ལུས་ཕུང་བརྐྱངས་བསྐུམ་སོགས་བྱས་ནས་ལུས་པོ་ཅུང་ངར་དུ་འཇུག་དགོས། གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་འགྲོ་དུས་སྙིང་མི་བདེ་བ་དང་དབུགས་འཚངས་བ་སོགས་ཀྱི་གནས་ཚུལ་ལ་མཉམ་འཇོག་བྱེད་དགོས། གལ་ཏེ་གོང་གི་སྣང་ཚུལ་དེ་དག་བྱུང་ཚེ་མྱུར་དུ་འགྲོ་མཚམས་འཇོག་དགོས་པར་མ་ཟད། དེ་དང་མཐུན་པའི་བྱེད་ཐབས་སྤྱོད་དགོས། གོམ་སྟབས་ཅུང་མགྱོགས་ཤིང་བརྟན་པོར་འགྲོ་དུས་མགོ་བོ་མི་སྒུར་བ་དང་དབུགས་ཁོག་ཏུ་མི་འཇུག་པ། ལུས་ཤུགས་ཆེན་པོ་མི་བཀོལ་བ་བཅས་བྱེད་དགོས་ཤིང་འགྲོ་མཚམས་རིམ་གྱིས་འཇོག་པ་ལས་གློ་བུར་དུ་འཇོག་མི་རུང་། འགྲོ་མཚམས་བཞག་རྗེས། མགོ་ཡུ་འཁོར་བ་དང་སྙིང་མི་བདེ་བ། དབུགས་འཚང་བ། ཡི་ག་ཇེ་ཞན་དུ་འགྲོ་བ་དང་ཐང་ཆད་དྲགས་པ་སོགས་བྱུང་ན། འགུལ་སྐྱོད་བྱེད་ཚད་ཐལ་དྲགས་པ་ཡིན་པས། རྗེས་མར་འགྲོ་ཚད་ལེགས་སྒྲིག་བྱེད་དགོས།
གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།
ཡིག་སྒྱུར་བ། འབྲུག་མོ།