མཚོ་སྔོན་གྱི་ཁྱད་ལྡན་དགེ་མཚན་ཆེན་མོ་བདུན་གྱིས་མཐོ་སྒང་གི་གསོ་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས།
2024.06.25 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 12

“མཐོ་སྒང་གི་གསོ་རིག་ལ་མགྱོགས་མྱུར་ངང་ཞིབ་འཇུག་བྱ་རྒྱུ་དེ་མཐོ་སྒང་སྡོད་དམངས་ཀྱི་ལུས་ཕུང་བདེ་ཐང་སྲུང་སྐྱོང་དང་ཚེ་ཚད་ཇེ་རིང་དུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་འགངས་ཆེན་གྱི་བཟོ་སྐྲུན་པའི་བདེ་ཐང་བདེ་འཇགས་ལ་འགན་སྲུང་བྱེད་པ། མི་རིགས་མཐུན་སྒྲིལ་དང་མཐོ་སྒང་གི་ས་མཐའི་བདེ་འཇགས་ལ་ཤུགས་སྣོན་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་ཏུ་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ལེགས་པོ་བྱེད་པ་སོགས་ཀྱི་ཕྱོགས་ལ་དོན་སྙིང་གལ་ཆེན་ལྡན”ཞེས་བཤད།     ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་པས་མཚོ་སྔོན་གྱིས་ས་ཁམས་ཁོར་ཡུག་གི་དགེ་མཚན་དང་། སྐྱེ་ཁམས་མ་དཔེའི་དགེ་མཚན། སྟེགས་བུའི་དགེ་མཚན། འཇོན་མིའི་དཔུང་སྡེའི་དགེ་མཚན། མི་རིགས་སྨན་བཅོས་ཀྱི་དགེ་མཚན།  རིག་གཞུང་སྤེལ་རེས་ཀྱི་དགེ་མཚན།   གྲུབ་འབྲས་ཀྱི་དགེ་མཚན་བཅས་འདོན་སྤེལ་གང་ལེགས་བྱས་ནས་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་རོགས་རམ་བྱ་རྒྱུ་རེད་ཟེར།

ད་ལྟ་མཚོ་སྔོན་ལ་རྒྱལ་ཁབ་པུའུ་ཨུས་ཆོག་མཆན་སྤྲད་ནས་བཙུགས་པའི་ཚོད་ལྟ་ཁང8དང་། ཞིང་ཆེན་ནང་ཁུལ་གྱི་མཐོ་སྒང་གི་གསོ་རིག་ཚོད་ལྟ་ཁང13། མཐོ་སྒང་གི་གསོ་རིག་དང་གསོ་རིག་རྨང་གཞིའི་སློབ་གསོ། ནད་ཡམས་ཚབས་ཆེན་འགོག་བཅོས་སོགས་ཀྱི་སྟེགས་བུ40། བོད་ལུགས་གསོ་རིག་ཐོན་ལས་ལག་རྩལ་གསར་གཏོད་ཀྱི་ཞབས་ཞུའི་སྟེགས་བུ1བཅས་ཡོད་པ་དང་།   མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེ་མཛོད་ཁང་ཡོད་པ་མ་ཟད།  ཡུན་རིང་དུ་མཐོ་སྒང་གི་གསོ་རིག་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཞིབ་འཇུག་གི་སྒྲིག་གཞི་དང་སློབ་ཆེན། དེ་མིན་ཡུན་རིང་དུ་མཐོ་སྒང་གི་གསོ་རིག་ལས་དོན་གཉེར་བའི་ཚན་རིག་ཞིབ་འཇུག་གི་དཔུང་སྡེ་ཡོད་དེ།  དཔེར་ན་ཡོའོ་ཧྲི་ཝུའུ་ཐེན་དབྱིའི་ཚོགས་པ་དང་། མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་གུ་རུའི་ཚོགས་པ་ལྟ་བུ་སྟེ། ཁོང་ཚོས་མཐོ་སྒང་གི་རྨང་གཞིའི་གསོ་རིག་དང་ནད་ཐོག་གསོ་རིག ལུས་རྩལ་གསོ་རིག ས་གནས་ནད་སོགས་ཀྱི་ཁྱབ་ཁོངས་ནས་ཕན་འབྲས་ལྡན་པའི་ཞིབ་འཇུག་བྱས་ཡོད།

མིག་སྔར།  མཚོ་སྔོན་མཐོ་སྒང་གི་གསོ་རིག་སྤྱིའི་ཆ་ནས་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་དང་།  ཞིབ་འཇུག་གི་ཁྱབ་ཁོངས་ཁ་ཤས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་དེ། 2004ལོའི་རྒྱལ་སྤྱིའི་མཐོ་སྒང་གི་གསོ་རིག་དང་དབྱང་ཉུང་སྐྱེ་ཁམས་རིག་གཞུང་ཚོགས་ཆེན་སྐབས་དྲུག་པའི་ཐོག་མཐོ་སྒང་གི་གཅོང་ནད་ཀྱི་བརྟག་དཔྱད་ཚད་གཞི་སྟེ“མཚོ་སྔོན་ཚད་གཞི”གཏན་འཁེལ་བྱས། ཚད་གཞི་དེ་ཀྲུང་གོའི་མཐོ་སྒང་གི་གསོ་རིག་ཞིབ་འཇུག་གི“ཚབ་མཚོན་བརྩམས་ཆོས”ལྟ་བུ་ཡིན་པའི་ཆ་ནས། འཛམ་གླིང་མཐོ་སྒང་གི་གསོ་རིག་གི་འཕེལ་རྒྱས་ལ་མངོན་གསལ་དོད་པའི་བྱས་རྗེས་བཞག   མཚོ་བོད་ལྕགས་ལམ་གྱི་སྨན་བཅོས་འགན་སྲུང་ལས་དོན་ལ་རྒྱལ་ཁབ་ཕྱི་ནང་གི་བསྔགས་བརྗོད་ཆེན་པོ་ཐོབ་པ་དང་། “ལོ་ལྔའི་རིང་ལ་ལས་དོན་པ་ཁྲི10ཙམ་གྱིས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་དུ་ངལ་རྩོལ་བྱེད་ཅིང་།  ཕན་ནུས་ལྡན་པའི་མཐོ་སྒང་གི་འཕྲོད་བསྟེན་འགན་སྲུང་ལས་དོན་ལེགས་པོར་བསྒྲུབས་པའི་དབང་གིས་མཐོ་སྒང་གི་ནད་ཀྱི་རྐྱེན་གྱིས་མི་གཅིག་ཀྱང་ཤི་མྱོང་མེད།”ཅེས་ངོས་འཛིན་བྱས། དེ་ནི་མཐོ་སྒང་གི་གསོ་རིག་ལོ་རྒྱུས་ཐོག་གི་ངོ་མཚར་ཞིག་ཡིན་པ་དང་།  མཐོ་སྒང་གི་གསོ་རིག་ནད་ཐོག་གསོ་རིག་གི་རིམ་པ་མཐོན་པོའི་ཤེས་ལྡན་པ་དང་བོད་སྨན་ཤེས་ལྡན་པ་གསོ་སྐྱོང་བྱས་པའི་མངོན་གསལ་དོད་པའི་གྲུབ་འབྲས་རེད།  མཚོ་སྔོན་སློབ་ཆེན་གྱིས2006ལོར་མཐོ་སྒང་གི་གསོ་རིག་ཆེད་ལས་ཀྱི་འབུམ་རམས་པའི་སློབ་གནས་བཙུགས་པ་དང་། མཐར་ཕྱིན་སློབ་མ95%མཐོ་སྒང་དུ་རྐང་ཚུགས་ནས་བསྡད་དེ། མཐོ་སྒང་གི་གསོ་རིག་གི་ལས་དོན་ལ་འབད་འབུངས་བྱས་ནས་མཐོ་སྒང་གི་གསོ་རིག་གི་ཞིབ་འཇུག་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་། །

རྩོམ་སྒྲིག་པ། འབྲུག་མོ།