བཙས་གཞུག་གི་ཉིན42ནང་གི་མོ་ནད་དང་བྱིས་པའི་བརྟག་དཔྱད་ནང་དོན།
བཙས་གཞུག་གི་ཉིན42ནང་གི་མོ་ནད་དང་བྱིས་པའི་བརྟག་དཔྱད་ནང་དོན་ལ།
གཅིག ཕྲུ་གུ་བཙའ་སྐབས་ཀྱི་བརྒྱུད་རིམ་དང་བང་ནང་གི་ལུས་ཁམས་སླར་གསོའི་གནས་ཚུལ་བསྐྱར་བརྟག་བྱས་ཏེ་སླར་གསོའི་གནས་ཚུལ་ལ་བལྟས་ནས་མུ་མཐུད་དུ་གསོ་བཅོས་བྱེད་དགོས་མིན་གཏན་ལ་ཕབ་དགོས།
གཉིས། ནུ་ཞོ་བསྣུན་ཚུལ་ལ་རྒྱུས་ལོན་བྱེད་དགོས། ནུ་ཞོ་འདང་མིན་དང་ནུ་མ་བསྣུན་སྟངས། སྣུན་ཐེངས་འོས་འཚམ་ཡིན་མིན། ནུ་མགོ་གས་ཡོད་མེད་ལ་རྒྱུས་ལོན་བྱེད་དགོས།
གསུམ། མངལ་སྦྲུམ་དུས་དང་མངལ་བཙའ་སྐབས་དང་བཙས་གཞུག་གི་བླ་གཉན་སོགས་བྱུང་བའི་ནད་རྟགས་ལ་ཡང་བསྐྱར་བརྟག་དགོས། དཔེར་ན། མངལ་སྦྲུམ་དུས་ཁྲག་ཤེད་མཐོ་བ་ཡིན་ན། ད་ལྟ་ཁྲག་ཤེད་རྒྱུན་ལྡན་དུ་གྱུར་ཡོད་མེད་དང་། སྙིང་ནད་ཅན་གྱི་སྙིང་གི་ནུས་པ་ཇི་འདྲ་ཡིན་ཚུལ་ཡང་བསྐྱར་བརྟག་དགོས། དེ་མིན། མཆིན་ཚད་རྒྱས་པའི་བང་མའི་མཆིན་པའི་བྱེད་ནུས་ལ་བརྟག་བཤེར་བྱེད་པ་དང་། ཁྲག་ཞན་པའི་བང་མའི་ཁྲག་དམར་སྤྲི་དཀར་དང་ཕྲ་ཕུང་དམར་པོར་བརྟག་བཤེར་བྱེད་པ། སྤྲི་དཀར་གཅིན་ཡོད་མཁན་གྱི་གཅིན་པའི་སྤྲི་དཀར་ལ་བརྟག་དཔྱད་བྱེད་དགོས།
བཞི། མོ་ནད་ལ་བརྟག་དཔྱད་བྱེད་དགོས། བུ་སྣོད་ཀྱི་ཆེ་ཆུང་དང་སྲ་མོ་ཡིན་ཚུལ་དེ་མངལ་མ་སྦྲུམ་སྔོན་གྱི་ཚད་ལ་སོས་ཡོད་མེད། མངལ་སྐེའི་སྐྲན་ནད། སྐྱེ་ལམ་གྱི་དམ་ལྷོད་ཚད་དང་གཉན་ཚད་ཡོད་མེད་སོགས་ལ་བརྟག་དཔྱད་བྱེད་དགོས།
ལྔ། བང་མའི་གནས་ཚུལ་ལ་གཞིགས་ནས་བདེ་ཐང་སླར་གསོའི་འཆར་གཞི་གཏན་ལ་ཕབ་དགོས། དེའི་ནང་དུ་ལུས་ཕུང་སྦྱོང་བརྡར་དང་ཚང་ཞབས་ཤ་གནད་སྦྱོང་བརྡར། ནུ་ཞོ་སྣུན་པའི་འཆར་གཞི། ལུས་པོའི་ལྗིད་ཚད་ཚོད་འཛིན་སོགས་འདུས་ཡོད་པས་ཕྱོགས་ཡོངས་ལ་བསམ་གཞིགས་བཏང་སྟེ་ལུགས་མཐུན་གྱིས་བཀོད་སྒྲིག་བྱ་དགོས།
བྱིས་པར་བརྟག་དཔྱད་བྱེད་པའི་ནང་དོན་ལ།
གཅིག ནུ་ཞོ་སྣུན་ཚུལ་དང་འགོག་སྨན་རྒྱབ་ཚུལ་ལ་རྒྱུས་ལོན་བྱེད་དགོས།
གཉིས། བྱིས་པའི་གཟུགས་ཀྱི་རིང་ཐུང་དང་ལུས་པོའི་ལྗིད་ཚད། མགོ་ཡི་ཆེ་ཆུང་། འཚོ་བཅུད་འདང་ཡོད་མེད་སོགས་ལ་བརྟག་དཔྱད་བྱེད་དགོས།
གསུམ། བྱིས་པའི་གློ་སྙིང་དང་ད་རུང་དོན་ལྔ་སྣོད་དྲུག་སོགས་ལུས་ཧྲིལ་བོའི་གནས་ཚུལ་ལ་བརྟག་དཔྱད་དགོས་པ་དང་། དེར་མ་ཟད། བྱིས་པའི་འགུལ་སྟངས་དང་རྣའི་ཚོར་བ་ལ་བརྟག་ནས་གནད་དོན་ཡོད་ན་དུས་ལྟར་ལེགས་བསྒྱུར་བྱ་དགོས།
གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས་པ་ཡིན།