གཅིག ཞོགས་ཟས་མི་ཟ་བ།
ཞིབ་འཇུག་ལས་མངོན་པ་ལྟར་ན། ཞོགས་ཟས་མ་ཟོས་ན་མིའི་ཚེ་ཐག་ཆ་སྙོམས་ཀྱིས་ལོ2.5ཡིས་ཇེ་ཐུང་དུ་འགྲོ་བཞིན་ཡོད། ཞོགས་ཟས་མ་ཟོས་ན་ཀླད་པས་ཚ་དྲོད་མཐོ་བའི་ཟས་རིགས་ཀྱི་དགོས་མཁོ་ཡོད་པའི་བརྡ་རྟགས་བཏང་སྟེ། གུང་ཟས་དང་དགོང་ཟས་སྐབས་སུ“བཅུད་མེད་ཟས་རིགས”བཟའ་བའི་ཚད་ཇེ་མཐོར་འགྲོ་བ་རེད། དེ་ལྟར་དུས་ཡུན་རིང་ན་ལུས་ལ་ཚོ་རྒྱས་པ་དང་ཁྲག་ཤེད་ཇེ་མཐོར་སོང་ནས། ཁྲག་ཚིལ་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་སྲིད། ཞོགས་ཟས་ནི་ཉིན་གཅིག་གི་ཆེས་གལ་ཆེ་བའི་ཟས་ཐུན་ཞིག་ཡིན་པས། ཞོགས་ཟས་ལ་འཚོ་བཅུད་ལྡན་པའི་ཟས་རིགས་བཟའ་དགོས་ལ། བྱ་སྒོང་ནི་ཆེས་ལེགས་པའི་གདམ་གསེས་ཤིག་ཡིན་ཏེ།“ཞོགས་པར་བྱ་སྒོང་གཅིག་ཟོས་ན། །ལུས་ཚོ་བྱང་ལ་ཀླད་པར་ཕན། །”ཟེར་སྲོལ་ཡོད་དོ། །
གཉིས། གློག་ཀླད་ལ་ལྟ་ཡུན་རིང་བ།
ཡུན་རིང་བོར་གློག་ཀླད་ཀྱི་མདུན་དུ་ཙོག་སྟེ་མ་འགུལ་ན། ཁྲག་རྒྱུན་འབྱར་བག་ཅན་དུ་འགྱུར་བ་དང་། ཁྲག་དཀག་འབྱུང་བའི་ཉེན་ཁ་ཆེ་ལ། འགུལ་སྐྱོད་བྱེད་པའི་སྐབས་སུ་ཁྲག་དཀག་གློ་བུར་མར་ལྷུང་སྟེ། གློ་བར་གནོད་པ་བཟོ་བ་དང་། ཚབས་ཆེ་ན་གློ་བུར་དུ་ཤི་བའི་ཉེན་ཁའང་ཡོད། དེ་བས། དུས་ཚོད་གཅིག་རེའི་ནང་དུ་ཡར་ལངས་ནས་སྐར་མ5རིང་ལ་འགུལ་སྐྱོད་བྱེད་དགོས། དེ་ལྟར་བྱས་ན་ཙོག་ཡུན་རིང་བའི་གནོད་པ་སེལ་ཐུབ།
གསུམ། ཟ་མ་ཟོས་རྗེས་མྱུར་དུ་ཐ་མག་འཐེན་པ།
ཐ་མག་གིས་གློ་བའི་གཉན་ཚད་དང་གློ་སྙིང་ནད་སོགས་འབྱུང་བའི་ཉེན་ཁ་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། ཚེ་གང་པོར་ཐ་མག་འཐེན་མཁན་ནི་ཐ་མག་མི་འཐེན་པའི་མི་ལས་ལོ20ནས25ཡིས་ཚེ་ཐག་ཇེ་ཐུང་དུ་འགྲོ་བ་དང་། ཐ་མག་རྐང་གཅིག་འཐེན་ན་ཚེ་ཐག་སྐར་མ11གིས་ཇེ་ཐུང་དུ་འགྲོ་སྲིད། དེ་བས། ཟ་མ་མ་ཟོས་པའི་སྔོན་དང་ཡང་ན་ཟོས་རྗེས་གང་ཞིག་ཡིན་རུང་ངེས་པར་དུ་ཐ་མག་དང་རིང་དུ་གྱེས་དགོས།
བཞི། གཅིན་བསྲན་པ།
བྱ་བ་དང་སློབ་སྦྱོང་ལ་བྲེལ་བ་ཆེ་བའམ། རོལ་རྩེད་ལ་གཡེང་བ་བཅས་ཀྱི་དབང་གིས། སྐོམ་སྣང་སྐྱེས་ནའང་ཆུ་མི་འཐུང་བ་དང་། གཅིན་ཤོར་ནའང་བཟོད་བསྲན་བྱེད་པ་སོགས་ཀྱིས་དོན་སྣོད་ཀྱི་བྱེད་ནུས་འཁྲིགས་ཏེ། ནད་འགོག་ནུས་ཤུགས་ཇེ་དམའ་རུ་གཏོང་བ་རེད། མི་ལ་སྐོམ་སྣང་སྐྱེས་པའི་སྐབས་སུ་ལུས་སྟེང་གི་ཆུ1%ཤོར་ཟིན་པ་དང་། དུས་ཡུན་རིང་པོར་ཆུ་ཤོར་ན་ཁྲག་རྒྱུན་འབྱར་བག་ཅན་དུ་གྱུར་ཏེ་ཀླད་སྙིང་ཁྲག་རྩའི་ནད་འབྱུང་སླ། དེའི་རྐྱེན་གྱིས་རང་ཉིད་ཀྱི་བདེ་ཐང་གི་ཆེད་དུ་ཆུ་འཐུང་སྐབས་ཚད་ཉུང་མང་འཐུང་བྱེད་དགོས། དེ་ལྟར་བྱས་ན་ལུས་སྟེང་གི་ཆུ་དོ་སྙོམས་ཡོང་བར་མ་ཟད། སྙིང་དང་ཕོ་བའི་ཁུར་བོ་ཇེ་ལྕི་རུའང་གཏོང་མི་སྲིད་པ་རེད། སྐོམ་སྣང་སྐྱེས་པ་ནི་ལུས་སྟེང་གི་ཆུ་ཤོར་བའི་རྟགས་ཤིག་ཡིན་པས། སྐོམ་སྣང་སྐྱེས་རག་བར་དུ་མི་སྒུག་བར་དུས་ངེས་མེད་དུ་ཆུ་འཐུང་དགོས། དེ་ལས་ཀྱང་ཡིད་ལ་འཛིན་དགོས་པ་ཞིག་ནི། གཅིན་གཏན་ནས་བསྲན་མི་རུང་། ཆེས་བཟང་ན་དུས་ཚོད་གཅིག་གི་ནང་དུ་གཅིན་ཐེངས་རེར་གཏོང་དགོས།
ལྔ། ཉལ་ཁར་ཟ་མ་བཟའ་བ།
ཉལ་ཁར་ཟ་མ་ཟོས་ན་ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བ་རེད། གལ་ཏེ་རྒྱུན་དུ་ཉལ་ཁར་ཟ་མ་ཟོས་ན། ཕོ་བའི་འབྱར་བག་ཉམས་གསོ་བྱེད་མི་ཐུབ་པས། ཉལ་ཁར་ཟོས་པའི་ཟ་མ་དེ་ཕོ་བའི་ནང་བསོག་སྟེ་ཕོ་བའི་བཤེར་ཁུ་མང་པོ་ཟགས་ཐོན་འབྱུང་བ་དང་། ཕོ་བའི་འབྱར་བག་ལ་གནོད་པ་གཏོང་བ་རེད། དེ་བས། རང་གི་བདེ་ཐང་གི་ཆེད་དུ། དགོང་མོ་ཉལ་ཁར་ཅི་ནུས་ཀྱིས་ཟ་མ་མི་བཟའ་བའམ་ཡང་ན་ཉུང་བཟའ་བྱེད་དགོས། ངེས་པར་དུ་བཟའ་དགོས་པ་བྱུང་ན། འཚོ་བཅུད་བཟང་ལ་འཇུ་སླ་བའི་ཟས་རིགས་ཉུང་ཙམ་བཟའ་དགོས།
དྲུག ལག་ཁྱེར་ཁ་པར་དང་མི་འབྲལ་བ།
མལ་ཁྲིའི་སྟེང་དུ་ལག་ཁྱེར་ཁ་པར་རྩེད་དེ་དུས་ཚོད་གཅིག་གི་ཡན་འགོར་ན། དེ་ལས་བྱུང་བའི་འགྱེད་འཕྲོ་ཡིས་མིའི་ལུས་སྟེང་གི་མདོག་རྒྱུ་ནག་པོའི་འབྱུང་ཚད22%ཇེ་ཉུང་དུ་གཏོང་བ་རེད། དེ་བས། མལ་ཁྲིའི་སྟེང་དུ་ལག་ཁྱེར་ཁ་པར་རྩེད་པའི་སྲོལ་ངན་དོར་ཏེ། ཆོས་ཉིད་ལྡན་པའི་ངལ་གསོའི་གོམས་སྲོལ་བཟང་པོ་ཞིག་ཆགས་སུ་འཇུག་དགོས། ཉིན་རེར་གང་ནུས་ཀྱིས་གཅིག་གྱུར་གྱི་དུས་ཚོད་སྟེང་གཉིད་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།