གཉིད་ཡག་པོ་ཁུག་མིན་གྱི་གནད་དོན་ནི་མིག་སྔའི་སྤྱི་ཚོགས་སྟེང་གི་རྒྱུན་མཐོང་གི་བདེ་ཐང་གནད་དོན་ཞིག་ཡིན་ལ། མི་མང་པོ་ཞིག་ལ་དེའི་ཤུགས་རྐྱེན་ཐེབས་བཞིན་ཡོད། སྔ་མོ་ནས་གཉིད་ལས་སད་པ་དང་རྨི་ལམ་མང་བ། གཉིད་མི་ཁུག་པ་སོགས་ཀྱིས་མི་རྣམས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པར་མ་ཟད། ལུས་སེམས་བདེ་ཐང་ལའང་གནོད་པ་ཐེབས་བཞིན་ཡོད།
མི་གང་དག་ལ་གཉིད་མི་ཁུག་པའི་གནད་དོན་འབྱུང་སླ་ཟེར་ན།
འཚོ་བའི་གོམས་གཤིས་མི་ལེགས་པ། བཟའ་བཏུང་ལ་ཆོས་ཉིད་མེད་པར་རྒྱུན་དུ་ཚིལ་མང་བ་དང་ཀ་ར་མང་བ། ཚྭ་མང་བ་སོགས་ཀྱི་ཟས་རིགས་བསྟེན་ན་ཟས་འཇུ་དཀའ་བ་སོགས་ལུས་པོའི་བདེ་ཐང་ལ་གནོད་པ་བཟོ་སྲིད་པར་མ་ཟད། གཉིད་ཀྱི་སྤུས་ཀ་ལའང་ཤུགས་རྐྱེན་ཐེབས་སྲིད། དེ་མིན། ཡུན་རིང་ལ་བཙོག་བསྡད་ནས་འགུལ་སྐྱོད་མི་བྱེད་པ་དང་འགུལ་སྐྱོད་བྱེད་ཚད་ཉུང་བ་ལས་ལུས་ཕུང་གི་དབང་ནུས་ཇེ་དམར་འགྲོ་བ་དང་བརྗེ་ཚབ་ཇེ་དལ་དུ་འགྲོ་བ་སོགས་ཀྱི་སྣང་ཚུལ་བྱུང་ནས་གཉིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ངེས། ད་རུང་། མ་གཉིད་པའི་སྔོན་ལ་དུས་ཡུན་རིང་བོར་ཁ་པར་སོགས་གློག་རྡུལ་ཐོན་རྫས་རྩེད་པ་སོགས་བྱས་ན་གཉིད་ཡུན་ཇེ་ཐུང་དུ་སོང་ནས་གཉིད་ཀྱི་སྤུས་ཀར་ཤུགས་རྐྱེན་ཐེབས་ངེས། དེར་མ་ཟད། ཆང་མང་དུ་འཐུང་བ་དང་ཚིག་ཇ་དང་ཇ་རྒོད་འཐུང་བ། ཐ་མག་མང་དུ་འཐེན་པ་སོགས་བྱས་ན་ཆང་བཅུད་དང་ཉིས་ཀུའུ་ཏེན་སོགས་ཀྱིས་དབང་རྩའི་མ་ལག་ལ་ཤུགས་རྐྱེན་ཐེབས་ནས་གཉིད་ཀྱི་སྤུས་ཀར་ཤུགས་རྐྱེན་ཐེབས་སྲིད།
གནོན་ཤུགས་ཆེ་བ། སེམས་ཁམས་ཀྱི་རྒྱུ་རྐྱེན་ནི་གཉིད་མི་ཁུག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། གནོན་ཤུགས་ཆེ་བའི་སྐབས་སུ། ཀླད་པ་བྲེལ་འཚུབ་ཀྱི་རྣམ་པར་གནས་ཡོད་པས། གཉིད་ཁུག་དཀའ་བ་ཡིན། དུས་རྒྱུན་གྱི་བྱ་བ་དང་སློབ་སྦྱོང་། འཚོ་བའི་གནོན་ཤུགས་ཆེ་བའི་མི་ཚོགས་རྣམས་ཐང་ཆད་པ་དང་འདང་རྒྱག་ཆེ་བས། གཉིད་ཡག་པོ་ཁུག་པའི་ཐད་གནད་དོན་འབྱུང་སླ་བ་ཡིན།
སེམས་ཁམས་གཏན་འཇགས་མིན་པ། སེམས་ཁམས་ལ་འགྱུར་ལྡོག་ཆེ་བ་དེས་རྒྱུན་ལྡན་གྱི་གཉིད་ལོག་པའི་གོ་རིམ་ལ་གཏོར་བརླག་བཏང་ནས་གཉིད་མི་ཁུག་པ་དང་རྨི་ལམ་མང་བ་སོགས་ཀྱི་སྣང་ཚུལ་འབྱུང་ངེས། སེམས་ཁྲལ་ཆེ་བ་དང་ཡིད་མུག་པའི་མི་ཚོགས་ལ་གཉིད་ཡག་པོ་ཁུག་མི་ཐུབ་པའི་གནད་དོན་འབྱུང་སླ།
ནད་བྱུང་ཡོད་པའི་མི། དཔེར་ན། སྙིང་ནད་དང་གློ་བའི་ནད་རིགས་ཀྱིས་དབུགས་ལེན་དཀའ་བ་དང་། གཅིན་ལམ་གྱི་ནད་རིགས་ཀྱིས་གཅིན་གྱི་གཏོང་གྲངས་ཇེ་མང་དུ་གཏོང་སྲིད་པས། ནད་རྟགས་དེ་དག་གིས་ཀྱང་གཉིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེངས་ངེས།
དེས་ན། གཉིད་ཡག་པོ་ཞིག་ཁུག་པའི་བྱེད་ཐབས་གང་ཡིན་ཟེར་ན།
གཅིག བདེ་ཐང་གི་འཚོ་བའི་གོམས་གཤིས་ཡག་པོ་ཞིག་ཆགས་པར་བྱེད་དགོས།
ཆོས་ཉིད་ཡོད་པའི་སྒོ་ནས་གཉིད་ལོག་པའི་དུས་ཚོད་རེའུ་མིག་གཏན་འཁེལ་བྱེད་དགོས། ཉིན་རེའི་གཉིད་པའི་དུས་ཚོད་དང་ལངས་པའི་དུས་ཚོད་གཏན་འཁེལ་བྱས་ན་གཉིད་ཀྱི་སྤུས་ཀར་འགན་སྲུང་བྱེད་ཐུབ།
བདེ་ཞིང་སྐྱིད་པའི་ཁོར་ཡུག་བསྐྲུན་དགོས། ཉལ་ཁང་ནང་ལྷིང་འཇགས་ཡིན་ཞིང་། གདན་དང་སྔས་འབོལ་བདེ་མོ་ཡིན་ན། གཉིད་ཡག་པོ་ཞིག་ཁུག་ཐུབ་པར་ཕན་ཐོགས་ཡོད་ངེས།
ཚིག་ཇ་འཐུང་ཚད་ལ་ཚོད་འཛིན་བྱེད་དགོས། ཚིག་ཇ་དང་ཇ་རྒོད་སོགས་ཀྱི་འཐུང་ཚད་ཇེ་ཉུང་དུ་བཏང་ན། གཉིད་ཀྱི་སྤུས་ཀ་ལེགས་བཅོས་བྱེད་ཐུབ།
ཆོས་ཉིད་ཡོད་པའི་སྦྱོང་བརྡར་འཆར་གཞི་གཏན་འཁེལ་བྱེད་དགོས། ཡིན་ཡང་། མ་གཉིད་པའི་སྔོན་གྱི་དུས་ཚོད་གསུམ་གྱི་རིང་ལ་སྦྱོང་བརྡར་དྲག་པོ་བྱེད་མི་རུང་།
མ་གཉིད་པའི་སྔོན་ལ་ཟས་མང་པོ་བསྟེན་མི་རུང་། ཚད་ལས་བརྒལ་བའི་སྒོ་ནས་ཁ་ཟས་བསྟེན་པ་དང་ཆུ་འཐུང་ན་གཉིད་ཀྱི་སྤུས་ཀར་ཤུགས་རྐྱེན་ཐེབས་སྲིད་པ་དང་། ལྷག་པར་དུ་མ་གཉིད་པའི་སྔོན་གྱི་དུས་ཚོད་འགའི་རིང་། མང་བཟའ་མང་འཐུང་མ་བྱས་ན་བཟང་།
གཉིས། མ་གཉིད་པའི་སྔོན་གྱི་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་པ། དཔེར་ན། ཁྲུས་བྱེད་པ་དང་དཔེ་ཀློག་བྱེད་པ། གླུ་དབྱངས་ལ་ཉན་པ་སོགས་བྱས་ན་བཟང་།
གསུམ། ཆེད་མཁས་པར་བློ་འདྲི་བྱེད་པ།
གལ་ཏེ་དུས་ཡུན་རིང་བོར་གཉིད་མི་ཁུག་པའི་གནད་དོན་ཡོད་ཚེ། གསོ་རིག་ཆེད་མཁས་པར་བློ་འདྲི་བྱས་ནས་ནད་བརྟག་སྨན་བཅོས་བྱེད་དགོས།
དེ་ལའང་གཅིག་ནས་སྨན་རྫས་ལ་བརྟེན་ནས་སྨན་བཅོས་བྱེད་དགོས། སྨན་པས་ནད་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། གཉིད་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བའི་སྨན་རྫས་སྤྱད་དེ་སྨན་བཅོས་བྱེད་དགོས།
གཉིས་ནས་སེམས་ཁམས་གསོ་བཅོས་བྱེད་དགོས། སྨན་པ་དང་སེམས་ཁམས་གསོ་བཅོས་པའི་རོགས་སྐྱོར་འོག་ཏུ། དེ་བསྟུན་གྱི་གསོ་བཅོས་བྱེད་ཐབས་སྤྱད་དེ་གཉིད་མི་ཁུག་པའི་གནས་ཚུལ་ལེགས་བཅོས་བྱེད་དགོས།
མདོར་ན། རང་ཉིད་ཀྱི་གཉིད་པའི་གོམས་གཤིས་ལ་དོ་སྣང་བྱས་ཏེ་སེམས་ཁམས་སྙིམས་སྒྲིག་བྱེད་པ་དང་ལུས་སེམས་བདེ་ཐང་སྲུང་འཛིན་བྱེད་པ་སོགས་ནི་གཉིད་མི་ཁུག་པའི་གནད་དོན་ལེགས་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།
གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།
ལྷ་མོ་ཚེ་རིང་གིས་བསྒྱུར།