《མཚོ་སྔོན་ཞིང་ཆེན་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་སྲོལ་ཡིག》མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་ཐོག་ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་མགོ་བརྩམས།
དོན་ཚན་དང་པོ། ནུས་ཡོད་སྒོས་བྱི་རིམས་འབྱུང་བ་དང་འགོས་ཁྱབ་ཏུ་འགྲོ་བ་སྔོན་འགོག་ཚོད་འཛིན་བྱས་ནས། མི་ལུས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོབ་བྱེད་ཆེད། 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་བཅའ་ཁྲིམས》དང《ཐོལ་བྱུང་གི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་སྟེ། རང་ཞིང་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།
དོན་ཚན་གཉིས་པ། རང་ཞིང་གི་སྲིད་འཛིན་ཁྱབ་ཁོངས་ནང་གི་བྱི་རིམས་སྔོན་འགོག་ཚོད་འཛིན་དང་དེ་མིན་ལྟ་སྐུལ་དོ་དམ་བྱ་འགུལ་ཐད་སྲོལ་ཡིག་འདི་སྤྱད་ཆོག
དོན་ཚན་གསུམ་པ། བྱི་རིམས་སྔོན་འགོག་ཚོད་འཛིན་ཐད་སྔོན་འགོག་གཙོར་འཛིན་དང་འགོག་བཅོས་ཟུང་འབྲེལ་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། སྲིད་གཞུང་གིས་འགན་ཁུར་བ་དང་རིག་བགར་དོ་དམ། ཚན་རིག་ལྟར་སྔོན་འགོག་ཚོད་འཛིན་བྱེད་པ། སྤྱི་ཚོགས་ཟབ་ཞུགས། ནུས་ཡོད་ཐག་གཅོད། དྲིལ་སྒྲོག་ལ་ཤུགས་སྣོན་པ་བཅས་ཀྱི་རྩ་དོན་བརྩི་བསྲུང་བྱེད་དགོས།
དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་འགོ་ཁྲིད་ལ་ཤུགས་བསྣན་ཏེ་བྱི་རིམས་སྔོན་འགོག་ཚོད་འཛིན་འཆར་འགོད་གཏན་འབེབས་བྱེད་པ་དང་། དཔྱད་ཞིབ་གདེང་འཇོག་ནང་རྐྱེན་འཐུང་ཚང་དུ་བཏང་སྟེ། བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་གྲོན་དངུལ་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ཁྲོད་འཇོག་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁུལ་ཁོངས་བར་དང་སྡེ་ཁག་བར་གྱི་མཉམ་འབྲེལ་སྔོན་འགོག་ཚོད་འཛིན་ནང་རྐྱེན་འཛུགས་པ་དང་། ས་ཁུལ་སོ་སོའི་བར་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་ཆ་འཕྲིན་མཉམ་སྤྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།
དོན་ཚན་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱི་རིམས་སྔོན་འགོག་ཚོད་འཛིན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་བྱི་རིམས་སྔོན་འགོག་ཚོད་འཛིན་ཆེད་ལས་མི་སྣའི་དཔུང་སྡེ་སྟོབས་ལྡན་དུ་གཏོང་བ་དང་། བྱ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ། རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ནས་བྱི་རིམས་སྔོན་འགོག་ཚོད་འཛིན་ལས་བྱེད་མི་སྣའི་གླ་ཕོགས་ཁ་སྣོན་དང་ཁ་གསབ་དོན་འཁྱོལ་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།