《མཚོ་སྔོན་ཞིང་ཆེན་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་སྲོལ་ཡིག》ཁག་གཉིས་པ།
2024.07.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 24

དོན་ཚན་དྲུག་པ།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གི་འགན་ཁུར་མི་སྣས་རང་གི་སྲིད་འཛིན་ཁུལ་ཁོངས་ནང་གི་བྱི་རིམས་སྔོན་འགོག་ཚོད་འཛིན་དང་ལྟ་སྐུལ་དོ་དམ་བྱ་བར་འགན་ཁུར་དགོས་པ་དང་།    འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བྱི་རིམས་སྔོན་འགོག་ཚོད་འཛིན་ཐད་ཀྱི་སྐོར་ཞིབ་ནང་རྐྱེན་འཛུགས་དགོས་ལ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་དགོས།    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕེལ་རྒྱས་དང་བཅོས་སྒྱུར་དང་བཟོ་ལས་དང་ཆ་འཕྲིན་ཅན།   སྤྱི་བདེ།   ནོར་སྲིད།   སྐྱེ་ཁམས་ཁོར་ཡུག    འགྲིམ་འགྲུལ་སྐྱེལ་འདྲེན།    ཞིང་ལས་ཞིང་སྡེ།  རིག་གནས་དང་ཡུལ་སྐོར།   འཕྲལ་བསྟུན་དོ་དམ།   མི་རིགས་ཆོས་ལུགས།   ནགས་རྩྭ།   ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་རང་རང་གི་འགན་འཁྲིའི་ཁྱབ་ཁོངས་ནང་བྱི་རིམས་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བྱ་བར་འགན་ཁུར་དགོས།

དོན་ཚན་བདུན་པ།   རིམ་པ་སོ་སོའི་ནད་རིགས་སྔོན་འགོག་ཚོད་འཛིན་སྡེ་ཁག་གིས་བྱི་རིམས་གནས་ཚུལ་གྱི་ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད།    འགོ་ནད་རིག་པའི་བརྟག་དཔྱད།  སྔོན་དཔག   རིམས་ནད་ཀྱི་གནས་ཚུལ་སྙན་ཞུ།  དེ་མིན་སྔོན་འགོག་ཚོད་འཛིན་བྱ་བ་གཞན་དག་ལ་འགན་ཁུར་དགོས།

དོན་ཚན་བརྒྱད་པ།   ཡུལ་ཚོ་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་གིས་མང་ཚོགས་ཀྱིས་སྔོན་འགོག་དང་མང་ཚོགས་ཀྱིས་ཚོད་འཛིན་བྱེད་པའི་བྱེད་ཐབས་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་ལྟར་རང་གི་ཁུལ་ཁོངས་ནང་གི་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་དགོས།  སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་ལ་རོགས་འདེགས་བྱས་ཏེ་བྱི་རིམས་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་དྲིལ་སྒྲོག་སློབ་གསོ་བཟང་བོར་སྤེལ་བ་དང་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ནས་སྡོད་དམངས་དང་སྡེ་དམངས་རྣམས་གཞིས་ཁུལ་དང་ཞིང་སྡེ་འབྲོག་ཁུལ་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་ཞུགས་པར་རྩ་འཛུགས་བྱེད་དགོས།  སྡེ་ལས་ཀྱི་ཞབས་ཞུ་མི་སྣ་རྣམས་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་ཞུགས་ནས་སྲིད་གཞུང་གིས་ཁྲིམས་ལྟར་ལག་བསྟར་བྱས་པའི་འཕྲལ་བསྟུན་ཐག་གཅོད་དང་དོ་དམ་བྱེད་ཐབས་གཞན་པ་ལག་བསྟར་བྱེད་དགོས།

དོན་ཚན་དགུ་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བྱི་རིམས་སྔོན་འགོག་ཚོད་འཛིན་ཐད་ཀྱི་དྲིལ་སྒྲོག་སློབ་གསོའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་།  བྱེད་ཐབས་སྣ་མང་སྤྱད་དེ་བྱི་རིམས་སྔོན་འགོག་ཚོད་འཛིན་ཤེས་བྱ་ཁྱབ་གདལ་དུ་གཏོང་དགོས།  རྒྱང་སྒྲོག་དང་བརྙན་འཕྲིན།  ཚགས་པར། དྲ་བ་སོགས་སྨྱན་བྱད་ཀྱིས་བྱི་རིམས་སྔོན་འགོག་ཚོད་འཛིན་ཐད་ཀྱི་སྤྱི་ཕན་དྲིལ་སྒྲོག་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱི་འགོག་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།   ལོ་རེའི་ཟླ་བཞི་པ་བྱི་རིམས་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་ཟླ་བ་བྱེད་དགོས།

དོན་ཚན་བཅུ་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཞབས་ཞུ་ཉོ་བ་དང་དང་བླངས་པར་ཁྲིད་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ།  སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བ་མཉམ་དུ་སྤེལ་དགོས།   གསོ་རིག་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁང་གིས་བྱི་རིམས་སྔོན་འགོག་ཚོད་འཛིན་གྱི་གསོ་རིག་སློབ་གསོ་དང་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་པར་སྐུལ་མ་གཏོང་བ་དང་ཆེད་ལས་མི་སྣ་གསོ་སྐྱོང་བྱས་ཏེ་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བར་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།