ཉེ་ལམ། པེ་ཅིན་གྱི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་རོགས་སྐྱོར་རུ་ཁག་གི་སྐོར་ལྔ་བའི་དུས་སྐབས་གཉིས་པ་དང་གསུམ་པའི་སྨན་བཅོས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མིའི་སྦྲེལ་མཐུད་ཚོགས་འདུ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དུ་སྤེལ་ཞིང་། པེ་ཅིང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དུས་སྐབས་གསུམ་པའི་སྨན་བཅོས་འཇོན་མི་ཉེར་གཅིག་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་།
ཉེ་བའི་ལོ་འགའི་རིང་ལ། པེ་ཅིང་གྲོང་ཁྱེར་གྱིས་རོགས་སྐྱོར་རྣམ་པ་གསར་སྐྲུན་དང་རོགས་སྐྱོར་ཤུགས་ཚད་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་ཡུས་ཧྲུའུ་ལ་སྟོབས་དང་ལྡན་པའི་སྨན་བཅོས་དཔུང་སྡེ་འཛུགས་སྐྲུན་བྱས་པར་མ་ཟད། གཞན་ལ་བརྟེན་པ་ནས་རང་གིས་སྒྲུབ་ཐུབ་པའི་ཚུལ་སྒྱུར་མངོན་འགྱུར་བྱས། རོགས་སྐྱོར་བྱེད་ཡུལ་གྱི་སྡེ་ཁག་སོ་སོས་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་རུ་ཁག་ལ་སེམས་ཁུར་གཅེས་སྐྱོང་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མི་རྣམས་ལ་ལས་སྒྲུབ་ལས་གཏོད་ཀྱི་སྟེགས་བུ་འདོན་སྤྲོད་བྱས་ནས་ཁོ་ཚོའི་རིག་སྟོབས་ཀྱི་དགེ་མཚན་དང་ཆེད་ལས་ཀྱི་དགེ་མཚན། ལག་རྩལ་གྱི་དགེ་མཚན་བཅས་འདོན་སྤེལ་བྱེད་དུ་བཅུག་སྟེ་ཡུས་ཧྲུའུ་ཡི་འཕྲོད་བསྟེན་བདེ་ཐང་ལས་དོན་འཕེལ་རྒྱས་ཐད་ཤུགས་བསྣན།
པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་གྱི་སྨན་ཁང་དོ་དམ་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་ཝང་ཡུས་ཀྱིས་བཤད་རྒྱུར། ཉིས་སྟོང་བཅུ་གསུམ་ལོའི་ཚུན་ལ། པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྨན་བཅོས་ལས་བྱེད་མི་སྣ་གོ་བདུན་གདམ་མངག་བྱས་ཏེ་མཚོ་སྔོན་ལ་རོགས་སྐྱོར་བྱས། ལོ་བཅུ་གཉིས་ཀྱི་རིང་ལ། ཕྱོགས་གཉིས་ཀྱིས་བདེ་ཐང་རོགས་སྐྱོར་སྦྲེལ་མཐུད་བྱ་བ་ཐེངས་ཉི་ཤུ་ལྷག་ལ་སྤེལ་བ་དང་། གནས་ཚུལ་དངོས་ལ་གཞིགས་ནས་རོགས་སྐྱོར་འཆར་གཞི་དང་ལས་གཞི་གཏན་འཁེལ་བྱས་པར་མ་ཟད། གནད་དོན་མཉམ་དུ་ཐག་གཅོད་པ་དང་སྟོབས་ཤུགས་མཉམ་འདོན་གྱི་རོགས་ལས་ནང་རྐྱེན་སྲུང་འཛིན་བྱས། པེ་ཅིང་གྲོང་ཁྱེར་གྱིས་ད་རུང་ཡུས་ཧྲུའུ་ཡི་འཕེལ་རྒྱས་ལ་དམིགས་ཏེ་ཤར་ནུབ་རྒྱུད་རོགས་ལས་དང་སྨན་བཅོས་འཇོན་མིའི་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་བ་དང་། ཡུས་ཧྲུའུ་ཡི་སྨན་བཅོས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་སྟེ་ཡུས་ཧྲུའུ་མི་དམངས་ཀྱི་བདེ་ཐང་དང་དེང་རབས། བདེ་སྐྱིད་བཅས་ཀྱི་མི་དམིགས་འབེན་མངོན་འགྱུར་བྱེད་པར་སྨན་བཅོས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཟེར། ཁོས་དུས་སྐབས་གསུམ་པའི་པེ་ཅིང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་འཇོན་མི་ཉེར་གཅིག་གིས་གཞོགས་འདེགས་དམ་ཟབ་བྱས་ཏེ་དོ་དམ་དང་ལས་སྒོའི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་བླང་བྱ་བཏོན།
པེ་ཅིང་གི་སྐོར་ལྔ་བའི་དུས་སྐབས་གསུམ་པའི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་རུ་ཁག་གི་ཁོངས་མི། ཆིན་ཧྭ་སློབ་ཆེན་ཡུས་ཆོན་སྨན་ཁང་འཇུ་བྱེད་ཚན་ཁག་གི་སྨན་པ་ཧྲི་ཧྲུའུ་ལི་ཁྲི་འདུ་རྫོང་མི་དམངས་སྨན་ཁང་གི་འཇུ་བྱེད་ཁོང་ནད་ཚན་ཁག་གི་ཀྲུའུ་རིན་ལ་བསྐོ་འཇོག་བྱས་ཏེ་འཇུ་བྱེད་ཚན་ཁག་གི་ཉིན་རྒྱུན་གྱི་བྱ་བ་དང་སློབ་ཁྲིད། ཚན་རིག་ཞིབ་འཇུག་སོགས་ཀྱི་འགན་ཁུར་བཞིན་ཡོད། ཁོ་མོས་བཤད་རྒྱུར། ངས་སྟོབས་ཤུགས་ཡོད་རྒུས་རང་འགན་གཙང་སྒྲུབ་བྱས་ཏེ་ས་གནས་སྨན་བཅོས་ཀྱི་གནས་ཚུལ་ལ་མྱུར་དུ་རྒྱུས་ལོན་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་རང་གི་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་བཟང་བོ་བྱས་ཏེ་ཁྲི་འདུ་མི་དམངས་ལ་ཞབས་འདེགས་བཟང་བོ་ཞུ་ངེས་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།