རྒྱུ་ལམ་ལ་གནོད་པའི་སྤྱོད་ལམ་དང་རྒྱུ་ལམ་སྲུང་སྐྱོབ་བྱེད་ཐབས་སྐོར།
2024.08.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 30

འཕེལ་རྒྱས་ཀྱི་འགྲོས་མགྱོགས་པའི་དུས་རབས་འདིར། མི་རྣམས་ཀྱི་འཚོ་བའི་བྱེད་ཐབས་ལ་འགྱུར་བ་བྱུང་བ་དང་བསྟུན་ནས།  རྒྱུ་ལམ་གྱི་བདེ་ཐང་ལའང་གནོད་པ་ཐེབས་བཞིན་ཡོད།

རྒྱུ་ལམ་ལ་རྒྱུ་མ་དང་ལོང་ག་རིགས་གཉིས་ཡོད།

རྒྱུ་མ་ནི་འཇུ་བྱེད་མ་ལག་ཁྲོད་ཀྱི་ཆེས་རིང་བའི་ཆ་ཤས་ཤིག་ཡིན་ཏེ།  རིང་ཚད་ལ་རྨིད་ལྔ་ནས་རྨིད་དྲུག་ཡོད།   རྒྱུ་མའི་བྱེད་ནུས་གཙོ་བོ་ནི་ལུས་ཕུང་ལ་རོགས་བྱས་ཏེ་འཚོ་བཅུད་དངོས་པོ་བསྡུ་ལེན་དང་།   ལུས་པོའི་འཇུ་བྱེད་ནུས་པ་ཡོངས་འགྲུབ་བྱེད་བཞིན་ཡོད།

ལོང་གའི་བྱེད་ནུས་གཙོ་བོ་ནི་རྒྱུ་མ་ནས་སྐྱེལ་འདྲེན་བྱས་པའི་ཟས་ཀྱི་སྙིགས་རོའི་ནང་གི་ཆུ་སོགས་བསྡུ་ལེན་བྱེད་པར་མ་ཟད།  བཤང་གཅི་གྲུབ་པ་དང་གསོག་འཇོག ཕྱིར་ཕུད་བཅས་བྱེད་བཞིན་ཡོད།   ལོང་གར་ནད་འབྱུང་ཚད་རྒྱུ་མ་ལས་མཐོ་བ་ཡིན།

རྒྱུ་ལམ་ལ་གནོད་པའི་སྤྱོད་ལམ་འགའ།

གཅིག   ཀ་ར་དང་ཚིལ་མང་བ།  ཚི་སྣ་ཉུང་བའི་བཟའ་བཏུང་གི་གོམས་གཤིས་ཀྱིས་རྒྱུ་ལམ་ནང་ཁུལ་གྱི་གྲུབ་ཚུལ་དང་སྐྱེ་དངོས་ཕྲ་རབ་ཀྱི་དོ་སྙོམས་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་ཡིན།   མང་བཟའ་མང་འཐུང་བྱེད་པའམ་ཡང་ན་ཉུང་བཟའ་ཉུང་འཐུང་བྱེད་པ་དེས་རྒྱུ་ལམ་གྱི་ཁུར་བོ་ཇེ་མཐོར་གཏོང་བར་མ་ཟད།  ཕན་ལྡན་འབུ་ཕྲའི་སྐྱེ་འཚར་ལ་ཚོད་འཛིན་བྱས་ཏེ་གནོད་ལྡན་འབུ་ཕྲའི་སྐྱེ་འཚར་ལ་རོགས་བྱེད་པ་ཡིན།

གཉིས།  སྨན་རྫས་གང་འདོད་དུ་སྤྱོད་པ།  སྲིན་འགོག་སྨན་རྫས་དང་སྨན་རྫས་གཞན་པ་གང་འདོད་དུ་སྤྱད་ན་རྒྱུ་ལམ་ལ་གནོད་འཚེ་ཐེབས་སྲིད་པར་མ་ཟད།  རིམས་འགོག་ནུས་པ་ཇེ་ཞན་དུ་སོང་སྟེ་ལུས་ལ་ནད་འབྱུང་སླ་བ་ཡིན།

གསུམ།  སྦྱོང་བརྡར་བྱེད་ཚད་མི་འདང་བ།    དེང་རབས་ཀྱི་འཚོ་བའི་སྟབས་བདེའི་རང་བཞིན་གྱིས་མི་རྣམས་ཀྱི་འགུལ་སྐྱོད་བྱེད་ཚད་ཇེ་ཉུང་དུ་བཏང་ཡོད་པ་དང་།    འགུལ་སྐྱོད་བྱེད་ཚད་ཉུང་བའི་འཚོ་བའི་གོམས་གཤིས་ཀྱིས་རྒྱུ་ལམ་གྱི་འགུལ་སྐྱོད་ཇེ་དལ་དུ་བཏང་ནས་ལུས་སྟེང་གི་སྙིགས་རོ་ནུས་ཡོད་སྒོས་ཕྱིར་ཕུད་པར་གནོད་པ་བཟོ་སྲིད་པ་དང་།   དལ་བའི་རང་བཞིན་གྱི་ནད་རིགས་འབྱུང་བའི་ཉེན་ཁ་ཇེ་མཐོར་གཏོང་སྲིད།

བཞི།    གནོན་ཤུགས་ཆེ་བ།   སེམས་ཀྱི་གནོན་ཤུགས་ཀྱིས་ཀྱང་རྒྱུ་ལམ་གྱི་རྒྱུན་ལྡན་བྱེད་ནུས་ལ་གནོད་པ་ཐེབས་སྲིད།  གནོན་ཤུགས་ཀྱིས་དབང་རྩའི་མ་ལག་བརྒྱུད་དེ་རྒྱུ་ལམ་གྱི་འགུལ་སྐྱོད་ལ་གནོད་པ་བཟོ་སྲིད་པར་མ་ཟད།   གཉན་ཚད་སོགས་འབྱུང་སླ་ཞིང་རྒྱུ་ལམ་གྱི་བྱེད་ནུས་ཇེ་ཞན་དུ་གཏོང་སྲིད།

དེས་ན་རྒྱུ་ལམ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་ཟེར་ན།

གཅིག  འབྲུ་རིགས་དང་སིལ་ཏོག་དང་སྔོ་ཚལ་གསར་བ།   སྲན་མའི་རིགས་སོགས་ཚི་སྣ་མཐོ་བའི་ཟས་རིགས་ཟ་དགོས།  ཟས་རིགས་འདི་དག་གིས་རྒྱུ་ལམ་གཙང་སེལ་ལ་རོགས་བྱེད་ཐུབ་པར་མ་ཟད།  ཕན་སྐྱེ་སྲིན་ལ་འཚོ་བཅུད་འདོན་སྤྲོད་བྱས་ཏེ་རྒྱུ་ལམ་གྱི་བདེ་ཐང་ལ་ཕན་པ་བསྐྲུན་ཐུབ།

གཉིས།  ཞོ་དང་གཞན་པའི་ཕན་སྐྱེ་སྲིན་འདུས་པའི་ཟས་རིགས་བསྟེན་དགོས།  ཟས་རིགས་དེ་དག་གིས་ཕན་སྐྱེ་སྲིན་གྱི་ཚོགས་ཐད་ཀར་ཁ་གསབ་བྱས་ཏེ་རྒྱུ་ལམ་གྱི་འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ།

གསུམ། ཉིན་རེར་རྒྱུ་ལམ་ལ་ཆུ་འདང་ངེས་ཁ་གསབ་བྱེད་དགོས།  དར་མ་རྣམས་ཀྱིས་ཉིན་རེར་ཉུང་མཐར་ཡང་ཆུ་ཧྲིན་གཅིག་དང་གྲངས་ཆུང་ལྔ་འཐུང་དགོས།   དེ་ལྟར་བྱས་ན།   རྒྱུ་ལམ་གྱི་དངོས་པོའི་འཁོར་སྐྱོད་ལ་རོགས་བྱས་ཏེ་བཤང་འགག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པར་མ་ཟད།   ཟས་ཀྱི་སྙིགས་རོ་རྒྱུན་ལྡན་ངང་ཕྱིར་ཕུད་པར་ཕན་པ་ཡོད།

བཞི།  ཀ་ར་མང་བ་དང་ཚིལ་མཐོ་བའི་ཟས་རིགས་སོགས་རྒྱུ་ལམ་ལ་གནོད་པ་ཡོད་པའི་ཟས་རིགས་ཉུང་དུ་བསྟེན་དགོས།   ཟས་རིགས་དེ་དག་ནི་རྒྱུ་ལམ་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ཡིན་ལ།  དེ་དག་གིས་འཇུ་བྱེད་ཁུར་བོ་ཇེ་མཐོར་གཏོང་སྲིད་པར་མ་ཟད།  གནོད་ལྡན་འབུ་ཕྲའི་སྐྱེ་འཚར་ལ་རོགས་བྱེད་པ་ཡིན།

ལྔ།   འགུལ་སྐྱོད་འོས་འཚམ་བྱེད་དགོས།   ལུང་ཕུང་སྦྱོང་བརྡར་གྱི་དུས་ཚོད་དང་སྦྱོང་བརྡར་བྱེད་ཚད་ཇེ་མང་དུ་གཏོང་དགོས།  དཔེར་ན་རྐང་ཐང་དུ་འགྲོ་བ་དང་ཆུ་རྐྱལ་བྱེད་པ་སོགས་ཀྱིས་རྒྱུ་ལམ་གྱི་འགུལ་སྐྱོད་དང་ཁྲག་གི་འཁོར་སྐྱོད་ལེགས་བཅོས་བྱེད་ཐུབ།

དྲུག  སྲིན་འགོག་སྨན་རྫས་སོགས་ཀྱིས་རྒྱུ་ལམ་གྱི་བདེ་ཐང་ལ་གནོད་པ་བཟོ་སྲིད་པས།   གལ་ཏེ་ངེས་པར་དུ་བསྟེན་དགོས་པ་མིན་ཚེ། སྨན་རྫས་ཀྱི་རིགས་ཀྱང་གང་འདོད་དུ་མ་བསྟེན་ན་བཟང་།

བདུན།   གནོན་ཤུགས་ཇེ་ཆུང་དུ་གཏོང་དགོས།   ཡུན་རིང་གི་སེམས་ཀྱི་གནོན་ཤུགས་ཀྱིས་རྒྱུ་ལམ་གྱི་བྱེད་ནུས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་ཡིན།   མི་རྣམས་ཀྱིས་སེམས་ཁམས་སྙོམས་སྒྲིག་བྱེད་པ་དང་གཉིད་འདང་ངེས་ཡོང་བར་བྱས་ནས་སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་བཏང་ཆོག   གཉིད་ཡག་པོ་ཞིག་ཁུག་ཐུབ་རྒྱུ་ནི་རྒྱུ་ལམ་གྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།  ཉལ་འཕྱི་བ་སོགས་གཉིད་ལོག་པའི་གོམས་གཤིས་ངན་པ་དག་གིས་རྒྱུ་ལམ་གྱི་གཉན་ཚད་སོགས་སློང་སྲིད།

གལ་ཏེ་འཇུ་བྱེད་ནུས་པ་རྒྱུན་ལྡན་མིན་པར་གྱུར་ནས་ཡུན་རིང་ལ་ཁོག་པ་བཤལ་བ་དང་རྩ་སྐམ་པ།   གསུས་པ་ན་བ།   ཕོ་བ་སྦོས་བ་སོགས་ཀྱི་གནད་དོན་བྱུང་ཚེ་རྒྱུ་ལམ་གྱི་བདེ་ཐང་ལ་གནོད་པ་ཐེབས་པའི་རྟགས་ཡིན་ཞིང་།   རྒྱུ་ལམ་བདེ་ཐང་ལ་གནོད་པ་ཐེབས་ན་འཚོ་བཅུད་བསྡུ་ལེན་བྱེད་ཚད་མི་འདང་བར་གྱུར་ནས་ལུས་པོའི་ནུས་ཚད་ཆུ་ཚད་ལ་ཤུགས་རྐྱེན་ཐེབས་སྲིད་པས། དུས་ལྟར་སྨན་པར་བསྟན་ནས་སྨན་བཅོས་བྱེད་དགོས།

གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།